མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚོགས་རིན་ཕྱོགས་བསྡུས་བཅད་གྲངས་ཚད་གཞི་གང་འཚམ་གྱིས་མཐོ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-24 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་སོགས་སྡེ་ཁག་གསུམ་གྱིས་སྤྱི་ཟླ9བའི་ཚེས23ཉིན་མཉམ་འབྲེལ་ཐོག་ཕྱི་ཕྱོགས་ལ་བཟོ་བཅོས་བརྒྱབ་རྗེས་ཀྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚོགས་རིན་དོ་དམ་བྱ་ཐབས་ཞེས་པ་ཡོངས་བསྒྲགས་བྱས་པ་དང་དེའི་ནང་རིགས་ཁག་གི་ཚོགས་རིན་ཕྱོགས་བསྡུས་བཅད་གྲངས་ཚད་གཞི་དེའི་གོང་གི་ཚད་གཞི་ལས་ཅུང་སྤར་ཡོད་པ་དང་ཚད་གཞི་མཐོ་ཤོས་ཀྱི་རིགས་དང་པོའི་གྲོས་ཚོགས་ཀྱི་འགྲོ་གྲོན་མཐོ་ཤོས་མི་རེར་ཉིན་རེར་སྒོར660ཡིན་པ་རེད།

སྤྱི་ལོ2006ལོར་བཏོན་པའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཚོགས་རིན་དོ་དམ་བྱ་ཐབས་ཞེས་པའི་ནང་། ཚོགས་རིན་གྱི་གཏོང་སྒོའི་ཐད་ཕྱོགས་བསྡུས་བཅད་གྲངས་ཚོད་འཛིན་བྱེད་རྒྱུ་ལག་བསྟར་བྱེད་པ་དང་རིགས་དང་པོ་ནས་གསུམ་པའི་བར་གྱི་གྲོས་ཚོགས་ཀྱི་ཕྱོགས་བསྡུས་བཅད་གྲངས་ཚད་གཞི་མི་རེར་ཉིན་རེར་ཁག་སོ་སོར་སྒོར400ནས300དང260བར་གཏན་འཁེལ་བྱས་པ་དང་སྤྱི་ལོ2008ལོར་ཚད་གཞི་དེ་སྒོར600ནས400དང400བར་སྤར་ཡོད་པ་རེད། ད་ཐེངས་བཟོ་བཅོས་བརྒྱབ་རྗེས་ཀྱི་བྱ་ཐབས་ནང་གྲོས་ཚོགས་ཀྱི་རིམ་པ་རིགས་བཞི་ལ་དབྱེ་ཡོད་ཅིང་དེའི་གོང་ལ་རིགས་དང་པོ་ནས་གསུམ་པའི་བར་གྱི་གྲོས་ཚོགས་ཀྱི་ཕྱོགས་བསྡུས་བཅད་གྲངས་ཚད་གཞི་དེ་མི་རེར་ཉིན་རེར་ཁག་སོ་སོར་སྒོར660ནས550དང450བཅས་བར་གཏན་འཁེལ་བྱས་པ་དང་གསར་སྣོན་བྱས་པའི་རིགས་བཞི་པའི་གྲོས་ཚོགས་ཆུང་གྲས་ཀྱི་ཚད་གཞི་མི་རེར་ཉིན་རེར་སྒོར450བཟོས་ཡོད་པ་རེད།

ནོར་སྲིད་པུའི་འགན་འཁུར་བས་ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་གཙོ་བོ་ཟོག་གོང་འཕར་བའི་རྒྱུ་རྐྱེན་ལ་བསམ་གཞིགས་བྱས་ཡོད་པ་དང་ནན་ཏན་གྱིས་ཚོད་རྩིས་བརྒྱབ་པ་མ་ཟད་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ཚོགས་རིན་གྱི་གཏོང་སྒོའི་ཚད་གཞི་བརྒྱ་ཆ་བཅུའི་གཡས་གཡོན་མཐོ་རུ་བཏང་ཡོད་པ་རེད་ཅེས་གསུངས། 

འགན་འཁུར་བ་དེས། ད་ཐེངས་ཀྱི་ཚོགས་རིན་དོ་དམ་བྱ་ཐབས་ལ་བཟོ་བཅོས་རྒྱག་སྐབས་རིགས་གཉིས་པ་ནས་བཞི་པའི་བར་གྱི་གྲོས་ཚོགས་དེ་སྐར་མ་བཞི་པ་མན་གྱི་གཏན་འཁེལ་མགྲོན་ཁང་ནང་འཚོགས་རྒྱུ་ལས་སྐར་མ་ལྔ་པ་རིམ་པའི་མགྲོན་ཁང་ནང་འཚོགས་མི་རུང་བ་དང་སྐར་མ་བཞི་པ་རིམ་པའི་མགྲོན་ཁང་ནང་འཚོག་རུང་ངེས་པར་དུ་ཚོགས་རིན་གྱི་ཕྱོགས་བསྡུས་བཅད་གྲངས་ཚད་གཞིའི་གྲོས་མཐུན་ནང་གི་རིན་གོང་ལྟར་ལག་བསྟར་བྱེད་དགོས་པའི་གཏན་འབེབས་གསལ་པོ་བྱས་ཡོད་པ་དང་དེའི་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་གྲོན་ཆུང་བསྲི་ཚགས་དང་འཕྲོག་བརླག་གཏོང་རྒྱུར་ངོ་རྒོལ་བྱེད་པའི་བླང་བྱ་མངོན་པ་བྱས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག