མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 10:36

125426063_41n.jpg

  སྤྱི་ཟླ9བའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་མ་ཏུའུ་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ9བའི་ཚེས22ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་དེ་མིན་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་བྱུང་།

  གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཏང་གི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་འཛིན་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མགོ་རིམ་མཉམ་བསྲེས་ཨུ་ཡོན་ལྷན་ཁང་དང་དངུལ་བསྡུ་མཉམ་ལས་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་ཁུངས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཕན་ཚུན་གྱིས་མ་དངུལ་གཏོང་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས་ཕྱོགས་གཉིས་ཀྱིས་རིག་གནས་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱིས་སྣ་མང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་གཏོང་བ་དང་། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་བར་གྱི་མཉམ་ལས་གླེང་སྟེགས་འཛུགས་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་བར་གྱི་ཁྱོན་ཡོངས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

  མ་ཏུའུ་ལོ་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མ་འོངས་བའི་ལོ་བཅུའི་མཉམ་ལས་འཆར་འགོད་བཟང་བོ་བྱེད་པ་དང་། ལྷག་པར་དུ་ཏང་བར་དང་རྒྱལ་སྐྱོང་སྲིད་འཛིན་ཕྱོགས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། བཟོ་ལས་དང་ཞིང་ལས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དམངས་འཚོ། ཚན་རྩལ། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་ལ་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

  གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་དངུལ་བསྡུ་དང་རིག་གནས། སློབ་གསོ། གསོ་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

  གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་མ་ཏུའུ་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལེ་ཡོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཨེ་ལེ་ཀུན་དབྱི་མེན་པ་ཧེ། རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཞའོ་ཧྥུན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག