མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་སི་ལོ་ཝ་ཁི་རྒྱལ་ཁབ་ཏུ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཕཱ་ཧྲི་ཁཱ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ9བའི་ཚེས19ཡི་ཉིན་ནས་ཚེས22ཉིན་བར་སི་ལོ་ཝ་ཁི་རྒྱལ་ཁབ་ཏུ་དངོས་གཞིའི་མཛའ་མཐུན་མཚམས་འདྲི་མཛད་པ་དང་། པུའུ་ལཱ་ཏིས་སི་ལཱ་ཧྥ་ནས་སི་ལོ་ཝ་ཁིའི་ཙུང་ཐུང་ཅཱ་ཧྲི་ཕཱ་ལོ་ཝེ་ཆི་ལ་མཇལ་འཕྲད་གནང་བ་དང་། ཙུང་ལི་ཧྥེ་ཆའོ་ལ་ཐུག་འཕྲད་བྱས་པར་མ་ཟད། གྲོས་དཔོན་ཕཱ་ཧྲི་ཁཱ་དང་གྲོས་མོལ་མཛད།

ཅཱ་ཧྲི་ཕཱ་ལོ་ཝེ་ཆི་དང་གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྙིང་ཉེ་བའི་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་བྱས། ཅཱ་ཧྲི་ཕཱ་ལོ་ཝེ་ཆི་ཡིས་དེར་བཀའ་དྲིན་ཞུས་པར་མ་ཟད། ཀྲང་ཏི་ཅང་ལ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྨོན་འདུན་བཟང་བོ་ཞུ་བ་བརྒྱུད་སྒྲོག་གནང་རོགས་ཞུས། ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་སི་ལོ་ཝ་ཁི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་བཅས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཤིང་། རྒྱུན་ཆད་མེད་པར་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་བྱེད་པའི་ཞོར་དུ། མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་སྟེ། མཉམ་དུ་ཀྲུང་གོ་དང་སི་ལོ་ཝ་ཁིའི་མཛའ་མཐུན་གྱི་རྣམ་པ་གསར་བ་བསྐྲུན་བྱེད་འདོད་ཡོད་ཟེར།

ཀྲང་ཏི་ཅང་དང་ཅཱ་ཧྲི་ཕཱ་ལོ་ཝེ་ཆི་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་མཛད།

ཧྥེ་ཆའོ་ལ་མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་བསྟན་དོན། སི་ལོ་ཝ་ཁི་ནི་ཀྲུང་གོའི་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་ཉོ་ཚོང་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ན་རྒྱལ་ཁབ་རང་རང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཕྱོགས་ཡོངས་ནས་དོ་མཉམ་འཕེལ་རྒྱས་སུ་འགྲོ་བར་ཡང་ཕན་པ་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་བསམ་ཕྱོགས་རྒྱ་བསྐྱེད་པ་དང་། ལས་གཞིའི་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ། ཁེ་ལས་ཀྱི་ཚོང་རའི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས། འགྲིམ་འགྲུལ་དང་ནུས་ཁུངས་སོགས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་བར་གྱི་དངུལ་གཏོང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ། སྲིད་ཇུས་དང་ཁྲིམས་སྐྱོང་ཁོར་ཡུག་གསར་གཏོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་གྱི་ཆབ་སྲིད་ཁྱད་སྟོབས་དང་དཔལ་འབྱོར་མཉམ་ལས་སྦས་ཤུགས་དེ་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས་ཞེས་གསུངས།

ཕཱ་ཧྲི་ཁཱ་དང་གྲོས་མོལ་བྱེད་སྐབས་ཀྲང་ཏི་ཅང་གིས་གསུང་དོན། ཀྲུང་གོའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་ཀྲུང་གོ་དང་སི་ལོ་ཝ་ཁིའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་སི་ལོ་ཝ་ཁིའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་བའི་འཕེལ་རྒྱས་གནས་བབ་ལ་ཞབས་འདེགས་ཞུ་དགོས། ཀྲང་ཏི་ཅང་གིས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་དང་དམངས་གཙོའི་ཆབ་སྲིད་ལམ་ལུགས་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གསར་གཏོད་དང་འཚོལ་ཞིབ་བྱེད་པ་ནི་རྒྱལ་ཁབ་འབྱོར་ལྡན་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་བཤད་བྱས། ཀྲུང་གོའི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག