མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་རྒྱུ་བཀག་འགོག་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་པ་སོགས་ཚུལ་མིན་སྤྱོད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་ཚུན། ས་གནས་ཁག་གིས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། སྒྲིག་ཁྲིམས་ལས་རྒྱབ་འགལ་བྱེད་མཁན་ལས་བྱེད་པ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཧོ་པེ་ཇིན་ཧོའང་ཏའོ་ཡི་ཆུའི་ཐོན་རྫས་སྡེབ་ཚོང་ཁྲོམ་རར། སྔོན་མ་དུས་ཆེན་རིང་བྲིན་ཁ་རྒྱུག་པའི་རྒྱ་མཚོའི་ཐོན་རྫས་དེ་དག་ད་ལོ་ཉོ་མཁན་མང་པོ་མེད་པ་དང་ཉོ་ཚོང་བྱེད་ཚད་ཆེས་ཆེར་ཆག་ཡོད། དེ་དང་འདྲ་བར། ཧོ་པེའི་ཐང་ཧྲན་གྱི་མཚོ་ཟས་ཁྲོམ་རར། ད་ལོའི་འགྲེམ་ཚོང་བྱེད་ཚད་སྔར་ལོ་ལས་ཆེས་ཆེར་ཆག་ཡོད་པ་རེད། མཚོ་ཟས་ཁྲོམ་ར་ཕུད། གསར་འགོད་པས་ཚོང་ཁང་ཆེ་གྲས་དང་སྒོ་རྩིས་ཚོང་ཁང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། སྔོན་ལ་གཏོང་སྤྲོད་བྱེད་པའི་ཁྭ་ཤོག་འགྲེམ་ཚོང་བྱེད་ཚུལ་ཡང་ཡག་པོ་མེད་པ་དང་། ཚོང་ཟོག་ཁེ་ལས་འགན་འཁུར་བས་ཟུར་གསལ་བྱས་པར། ཉེ་དུས་ཁེ་ལས་མི་ཉུང་བ་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་སྐད་བཏང་ནས་ལས་དོན་ལ་གཞོགས་འདེགས་བྱེད་དགོས་པ་དང་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་པའི་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

དེ་དང་ཆབས་ཅིག ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱང་སྒྲིག་འགལ་ལུགས་འགལ་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་དོན་འཁྱོལ་བྱེད་འགོ་ཚུགས་པ་དང་། ཉེ་དུས་ཧྲན་ཤི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་གཞོན་པ་ཝུན་ཞའོ་ཕིང་སོགས་འགོ་ཁྲིད་ལས་བྱེད་པ་དྲུག་ནས་རྒྱས་སྤྲོས་རོལ་རྩེད་ནང་ཞུགས་པས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ས་གནས་ཁག་གི་འགོ་ཁྲིད་ལས་བྱེད་པར་ཐག་གཅོད་ངོ་མ་བྱེད་པའི་ཚོར་སྣང་བྱུང་ཡོད་པ་རེད།

ཨན་ཧུའེ་ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཟུར་གསལ་བྱས་པར་གཞིགས་ན། མིག་སྔར། རེས་སྐོར་ལྔ་པའི་མངོན་ལྐོག་གཉིས་ནས་རྩད་ཞིབ་བྱེད་བཞིན་ཡོད་པ་དང་། ཉེན་ཁར་མི་འཛེམས་པར་སྒྲིག་སྲོལ་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། དུས་མཚུངས་སུ། ད་དུང་ཞིང་ཆེན་ཐད་གཏོགས་སྡེ་ཚན20ཡི་གཞུང་གྲོན་གསུམ་གྱི་གཏོང་སྒོའི་གནས་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་པ་དང་། གཏན་འབེབས་ལས་རྒྱབ་འགལ་བྱས་པའི་བྱ་སྤྱོད་ལ་རྩད་གཅོད་ཐེངས་གཅིག་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་མི་གཏོང་བ་མ་ཟད། དཔེ་མཚོན་གྱོད་གཞི་ཐེར་འདོན་བརྡ་ཁྱབ་བྱ་རྒྱུ་ཡིན་པ་རེད།

ཧྲན་ཤི་ཤིན་ཀྲོའུ་རུ། སྤྱི་ཚོགས་ལས་རིགས་ཁག་དང་མང་ཚོགས་ནས་ཟ་འཐུང་གི་ཚུལ་མིན་སྤྱོད་ཚུལ་ཐེར་འདོན་བྱེད་རྒྱུར་སྐུལ་མ་བཏང་བ་དང་། མིག་སྔར་གཞུང་དོན་སྣེ་ལེན་འགྲོ་གྲོན་དེ་སྒོར་ས་ཡ་ལྔ་དང་སུམ་འབུམ་ལྔ་ཁྲི་ཉུང་དུ་སོང་ཡོད་པ་རེད།

མིག་སྔར། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་ནས་ཐེར་འདོན་ཁ་པར་ཨང་གྲངས12388དང་ཐེར་འདོན་དྲ་ཚིགས་ཡོངས་བསྒྲགས་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ནས་ས་གནས་ཁག་གི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ལས་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཐེར་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག