མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ནི་ཀྲེ་རི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

རྩོམ་པ་པོ། ལོ་ཙཱ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:30

སྤྱི་ཟླ9བའི་ཚེས18ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཨ་པུའུ་ཅ་གྲོང་ཁྱེར་ནས་ཉི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉི་ཀྲེ་རི་ཡ་རྒྱལ་དམངས་གྲོས་ཁང་གི་གྲོས་ཞུགས་དཔོན་པོ་མ་ཁི་དང་དམངས་གྲོས་ཁང་གི་གྲོས་དཔོན་ཐན་པུའུ་ཝ་ཨེར་གཉིས་ཀས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ9བའི་ཚེས17ནས་ཚེས19ཉིན་བར་ཉི་ཀྲེ་རི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་དེ། ཨ་པུའུ་ཅ་གྲོང་ཁྱེར་ནས་ཉི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སུན་དང་གྲོས་ཞུགས་དཔོན་པོ་མ་ཁི། དམངས་གྲོས་ཁང་གི་གྲོས་དཔོན་པུའུ་ཝ་ཨེར་བཅས་དང་སོ་སོར་གླེང་མོལ་མཛད་པ་དང་། མི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཐུའུ་ཁུའུ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་ཐོག་མར་ཙུང་ཐུང་ཆའོ་ན་སུན་ལ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས། ཀྲང་ཏི་ཅང་གིས་ཀྲུང་གོ་དང་ཉི་ཀྲེ་རི་ཡའི་བར་འབྲེལ་བ་བཙུགས་ཏེ་ལོ་བཞི་བཅུ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀས་རྟག་ཏུ་ཟོལ་མེད་ཀྱི་བརྩེ་བ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ལ་རོགས་རམ་བྱས་ཏེ། སྤུན་ཟླ་ལྟ་བུའི་བརྩེ་བ་ཟབ་མོ་ཆགས། ཀྲུང་གོ་ཕྱོགས་ཀྱིས་ཉི་ཀྲེ་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཉི་ཀྲེ་རི་ཡ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ལས་དོན་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས་མཐོ་རིམ་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་དང་། ཕན་ཚུན་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་ལ་ཡར་སྐུལ་བཏང་ནས། ཕན་ཚུན་གྱི་ཁྱད་སྟོབས་ཁ་གསབ་དང་ཐུན་མོང་འཕེལ་རྒྱས་འབྱུང་བ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་། མི་དམངས་ཀྱི་རེ་འདུན་བཟང་བོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་དུ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

མ་ཁི་དང་ཐན་པུའུ་ཝ་ཨེར་གཉིས་དང་གླེང་མོལ་བྱེད་སྐབས། ཀྲང་ཏི་ཅང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཉི་ཀྲེ་རི་ཡ་དམངས་གྲོས་ཁང་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མགོ་ཁྲིད་བར་རྒྱུན་དུ་འབྲེལ་འབྲེལ་འདྲིས་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་རྟོག དེ་མིན་ཕྱི་ལ་སྒོ་འབྱེད་པ་དང་། དཔལ་འབྱོར་གོང་དུ་སྤེལ་བ། དམངས་འཚོ་ལེགས་བཅོས་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་ཀའི་མི་སྣའི་འགྲོ་འོངས་ལ་སྟབས་བདེ་བཟོ་བ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་གསུངས།   

ཐུའུ་ཁུའུ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ལོ་རྒྱུས་དང་རྒྱལ་བཅོས་སྲིད་སྐྱོང་། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག