མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཅ་མེ་ཁ་ཡི་ཙུང་ལི་ཞིན་ཕུའུ་སུན་མུས་ལེ་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:52

01.jpg

སྤྱི་ཟླ8པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅ་མེ་ཁ་ཡི་ཙུང་ལི་ཞིན་ཕུའུ་སུན•མུས་ལེ་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཞིན་ཕུའུ་སུན•མུས་ལེ་ལ་དགའ་བསུའི་མཛད་སྒོ་བསྡུས། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅ་མེ་ཁ་ཡི་ཙུང་ལི་ཞིན་ཕུའུ་སུན•མུས་ལེ་དང་གྲོས་མོལ་མཛད།

    ཞིན་ཕུའུ་སུན•མུས་ལེ་ཡིས་ཐོག་མར་ཅ་མེ་ཁ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། ཀྲུང་གོའི་ཤར་བྱང་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ས་ཤས་ལ་ཆུ་དགྲའི་གནོད་འཚེ་ཐེབས་པར་བརྩེ་བའི་ངང་འཚམས་འདྲི་བྱས། ལིས་ཁི་ཆང་གིས་དེ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དེ་ནམ་ཡང་གོ་གནས་དང་པོར་འཇོག་པ་དང་། ནུས་ཤུགས་ཡོད་རྒུས་ཆུ་དགྲ་འགོག་པ་དང་རྒུད་སྐྱོབ་བྱ་བ་སྒྲུབ་ཀྱིན་ཡོད་པས། གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་རོགས་བྱས་ཏེ་མྱུར་དུ་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་དང་ནུས་པ་ཡོད་ཅེས་བསྟན།

    ལིས་ཁི་ཆང་གིས་ཅ་མེ་ཁ་ནི་ཀྲུང་གོའི་ཅ་ལི་པུས་ས་ཁུལ་གྱི་གྲོགས་པོ་བཟང་བོ་དང་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་ཚུལ་ལེགས་ཤིང་། མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། སྦས་ཤུགས་ཤིན་ཏུ་ཆེ། ཕྱོགས་གཉིས་ཀས་འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་དང་གནད་སར་འཆར་འགོད་ལེགས་པོ་བྱེད་པ་དང་། བྱེ་བྲག་གི་མཉམ་ལས་ལས་གཞི་དངོས་འབེབས་བཟང་བོ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ནུས་ཁུངས་གསར་བ། སློབ་གསོ། སྨན་བཅོས། ལུས་རྩལ་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱེད་པ་དང་། མཉམ་ལས་སྤུས་ཚད་ཇེ་ལེགས་སུ་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བཟང་བོ་བྱེད་དགོས་ཞེས་གསུངས།

    ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་བཀོད་དེ། དཔལ་འབྱོར་འཕར་སྟངས་མྱུར་དུ་སྒྱུར་བཞིན་ཡོད་པ་དང་། ལྷད་མེད་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐན་ཉུང་འཕེལ་རྒྱས་ཕྱོགས་སུ་སྙེག་ཅི་ཐུབ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་མེ་ཁ་དང་བཅས་པའི་གླིང་ཕྲན་ཆུང་བའི་རྒྱལ་ཁབ་བར་ནམ་ཟླའི་འགྱུར་ལྡོག་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་དང་བརྗེ་རེས། མཉམ་ལས་བཅས་བྱེད་འདོད་ཡོད་ཅེས་བསྟན།

    གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཀྲུང་གོ་དང་ཅ་མེ་ཁ་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་མཐུན་དང་སློབ་གསོ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས། །

02.jpg

སྤྱི་ཟླ8པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅ་མེ་ཁ་ཡི་ཙུང་ལི་ཞིན་ཕུའུ་སུན•མུས་ལེ་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཞིན་ཕུའུ་སུན•མུས་ལེ་ལ་དགའ་བསུའི་མཛད་སྒོ་བསྡུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག