མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་གཉིས་ཀྱིས་སོ་སོར་ཤར་བྱང་ས་ཁུལ་གྱི་ཆུ་དགྲ་འགོག་པའི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:45

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས14ཉིན་གྱི་ཚུན་ལ། རང་རྒྱལ་ཤར་བྱང་གི་ས་ཁུལ་མང་ཆེ་བར་ཆར་བ་བབས་པ་དང་། ས་ཁུལ་ཁ་ཤས་ལ་དྲག་ཆར་བབས་ཏེ། ཆུ་དགྲའི་གནོད་འཚེ་ཐེབས། སྤྱི་ཟླ8པའི་ཚེས19ཉིན་གྱི་དུས་ཚོད་བཅུ་དྲུག་བར། ལའོ་ཉིན་དང་ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་གསུམ་གྱི་རྫོང་དང་ས་ཁུལ། གྲོང་ཁྱེར་བརྒྱ་དང་བཅུ་གཅིག་གི་མི་ས་ཡ་གསུམ་དང་འབུམ་བདུན་ཁྲི་བདུན་སྟོང་བདུན་ལ་གནོད་འཚེ་ཐེབས་པ་དང་། མི་གྱ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ལྔ་གར་སོང་མ་ཤེས་ལ། མི་འབུམ་གསུམ་དང་ཁྲི་དྲུག་མྱུར་དུ་བདེ་འཇགས་ཡིན་སར་སྤར། ཁང་བ་གྱན་ཁྲི་དྲུག་ལྷག་བརྡིབས་པ་དང་གཏོར་བཤིག་ཚབས་ཆེན་ཐེབས་པ་དང་། ལོ་ཏོག་ལ་གནོད་འཙེ་ཐེབས་པའི་རྒྱ་ཁྱོན་སྟོང་སྤྱི་ཆིན་བདུན་བརྒྱ་དང་གྱ་བདུན་ལྷག་ཏུ་སླེབས་པ་དང་། ཐད་གར་དུ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དྲུག་ཕྱུར་གཅིག་ལྷག་གི་གྱོང་གུད་ཐེབས།

    གནོད་འཚེ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དེ་གཙིགས་སུ་བཟུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང་སྟེ། ད་ལྟ་ཆར་བ་མོད་པའི་དུས་གཟུར་ནའང་། ཤར་བྱང་གི་ཞིང་ཆེན་གསུམ་གྱི་སྟོན་ཀའི་ཆུ་དགྲའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། བག་གཡེང་གི་བསམ་བློ་སྔོན་འགོག་བྱས་ཏེ། གནོད་སེལ་རྒུད་སྐྱོབ་བྱ་བ་མཐའ་འཁྱོལ་བར་བྱེད་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཁག་ཐེག་བྱེད་པ་གོ་གནས་དང་པོར་བཞག་ནས། གར་སོང་མི་ཤེས་པའི་མི་སྣ་འཚོལ་ཅི་ཐུབ་དང་། ཆུ་དགྲའི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་དུས་ལྟར་བདེ་འཇགས་ཡིན་སར་སྤོར་རྒྱུ་དང་། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་ལེགས་པོ་དང་། གནོད་འཚེ་རྗེས་ཀྱི་བསྐྱར་བསྐྲུན་བྱ་བར་དམ་འཛིན་བྱེད་དགོས་ཞེས་བསྟན།

    གཞན་ཡང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཛུབ་སྟོན་གནང་སྟེ། རྒྱལ་ཁབ་ཆུ་ལོག་སྔོན་འགོག་ཐན་སེལ་སྤྱིའི་བཀོད་འདོམས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་གནས་ཀྱི་གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་དང་རོགས་རམ་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་གར་སོང་མི་ཤེས་བའི་མི་སྣ་འཚོལ་བ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་དུས་ལྟར་བདེ་འཇགས་ཡིན་སར་སྤོར་བ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལེགས་པོ་དང་འབྲེལ་ཡོད་འདས་དོན་སྒྲུབ་པའི་བྱ་བ་ལེགས་པོར་སྒྲུབ་དགོས་པའི་ཐུགས་རེ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག