མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀན་སུའུ་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-19 10:49

01.jpg

སྤྱི་ཟླ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀན་སུའུ་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། འདི་ནི་ཙུང་ལི་ལིས་ཁི་ཆང་གིས་མེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་མའེ་ཁྲོན་གྲོང་བརྡལ་ཡོན་ཀོང་སྡེ་བ་རུ་གནོད་ཐེབས་མང་ཚོགས་ལ་སྐོར་རྒྱག་པའི་ཚུལ་རེད།  

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀན་སུའུ་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཕེབས། གནས་འདི་ནི་ས་མཐོ་ཞིང་གྲང་ངར་དང་བརླན་གཤེར་ཆེ་བའི་རི་ཁུལ་ཡིན་ལ། ཧ་ཅང་དབུལ་ཕུངས་ཀྱི་ས་ཁུལ་ཞིག་ཀྱང་རེད། ས་དེའི་དགུན་ཚུགས་སྔ་བས། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པའི་གནས་ཚུལ་ཅི་འདྲ་ཡིན་པ་དང་། དགུན་ལས་བརྒལ་བར་གྲ་སྒྲིག་བྱས་ཡོད་མིན་བཅས་ལིས་ཁི་ཆང་གི་ཐུགས་ལ་བཅངས་ཡོད།

    དུས་ཚོད་དགུ་ལྷག་གི་ལམ་ཐག་བརྒྱུད་མཐར། ལིས་ཁི་ཆང་མེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་སའི་མེ་ཁྲོན་གྲོང་བརྡལ་ལ་འབྱོར། དེ་ནས་ཀྱང་ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་མཚོ་ངོས་ལས་སྨི་ཉིས་སྟོང་བདུན་བརྒྱ་ལྷག་ཡོད་པའི་ཡོན་ཀོང་སྡེ་བར་འབྱོར། སྡེ་བ་དེའི་ཁང་བ་ཕལ་ཆེར་ཡོངས་སུ་བརྡིབས་ཡོད་པ་དང་། ལིས་ཁི་ཆང་ཁང་བའི་བཤིག་རོའི་སྟེང་བུད་དེ། བཤིག་རོ་གཙང་དག་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་དང་ལག་འཇུ་དང་ཁ་བརྡ་བྱས་ཏེ། ཁོ་ཚོས་དུས་ཐོག་ཏུ་མང་ཚོགས་ཀྱི་སྲོག་བསྐྱབས་པ་མ་ཟད། མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་དང་བསླར་གསོ་དང་བསྐྱར་བསྐྲུན་གྲ་སྒྲིག་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས། ལིས་ཁི་ཆང་རས་གུར་ཞིག་གི་ནང་དུ་ཕེབས་ཏེ། ས་འགུལ་གྱི་ཁྲོད་དུ་གཉེན་མི་དང་གཏན་དུ་ཁ་གྱེས་པའི་རྒན་མོ་ལིས་ཀེ་ཧྭ་མཐོང་ནས་ཁོང་གིས་ངག་འཇམ་པོས་སེམས་གསོ་བྱས་པ་དང་། ཁོའི་གམ་གྱི་ས་གནས་ཀྱི་བློ་མཐུན་ལ་ཅིས་ཀྱང་རྒན་མོ་འདིར་བདག་སྐྱོང་ལེགས་པོ་བྱེད་དགོས་པའི་ཞལ་ཏ་གནང་།

    ལིས་ཁི་ཆང་གིས་མཐའ་སྐོར་འོངས་པའི་སྡེ་དམངས་རྣམས་ལ་གནས་དེའི་དགུན་ཁའི་ནམ་ཟླའི་གནས་ཚུལ་དང་། དགུན་ཁར་ད་དུང་ཅི་ཞིག་མཁོ་བའི་སྐོར་ཞིབ་མོར་དྲིས། སྡེ་དམངས་ཚོས་ད་ལྟའི་འཚོ་བར་གནད་དོན་ཅི་ཡང་མེད་མོད། འོན་ཀྱང་དགུན་ཐོན་ལ་ཡོད་པས། བར་འཚང་ཅན་གྱི་རས་གུར་དང་ལྕགས་ཐབ་ད་དུང་མི་འདང་ལ། སྡེ་བའི་ཕྱི་ལ་འགྲོ་བར་སྟབས་མི་བདེ་བ། ཁང་བ་བསྐྱར་ལས་བྱེད་པའི་མ་དངུལ་དཀོན་པ་རེད་ཟེར། ལིས་ཁི་ཆང་གིས་ཁྱོད་ཚོས་བཏོན་པའི་གནས་དོན་ཚང་མ་སྲིད་གཞུང་གིས་ཅིས་ཀྱང་ཐག་གཅོད་ངེས་ཡིན་ཞེས་གསུངས་བར་མ་ཟད། ཚང་མས་མཛུ་གུ་ལྔ་བཅིང་ཁུར་ཚུལ་བྱས་ན་དཀའ་ཁག་ལས་རྣམ་པར་རྒྱལ་ངེས་ཡིན་ཞེས་གསུངས།

    ལིས་ཁི་ཆང་གིས་ད་དུང་མང་ཚོགས་བཀོད་སྒྲིག་བྱེད་སར་ཡོད་པའི་དང་བླངས་པ་དང་། རིམས་འགོག་མི་སྣ། སྟབས་བདེ་དངུལ་ཁང་གི་ལས་བྱེད་མི་བཅས་ལ་ཁམས་འདྲི་བྱས་པ་དང་། གནོད་ཐེབས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་བྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་པའི་ཞལ་ཏ་གནང་། དེའི་རྗེས་སུ། ལིས་ཁི་ཆང་རྫོང་སྨན་ཁང་དུ་ཕེབས་ཏེ། ས་འགུལ་ཁྲོད་ཀྱི་རྨས་མར་སྐོར་བརྒྱབ་ཏེ། ཁོ་ཚོ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

    ཉིན་དེའི་དགོང་མོར། ལིས་ཁི་ཆང་གིས་མེན་རྫོང་ནས་གྲོས་ཚོགས་བསྡུས་ཏེ། བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་བསྐྲུན་བྱ་བ་ལེགས་པོར་སྒྲུབ་པར་ཞིབ་འཇུག་བྱས། ལིས་ཁི་ཆང་གིས་ད་ལྟའི་ལས་འགན་གཙོ་བོ་ནི་མང་ཚོགས་དགུན་ལས་བརྒལ་བར་ཁག་ཐེག་བྱེད་དགོས། ཟླ་བརྒྱད་པའི་ཟླ་མཇུག་གི་སྔོན་ལ། ཁ་སྣོན་བྱས་པའི་བར་འཚང་ཅན་གྱི་རས་གུར་ཁྲི་གཅིག་ཡོད་པ་ཚང་མ་ཁྱིམ་ཚང་ལ་སྟེར་རྒྱུ་དང་། ཟླ་དགུ་བའི་ཟླ་མཇུག་གི་སྔོན་ལ། ལྕགས་ཐབ་དང་ཡང་ན་ཁ་གསབ་རོགས་དངུལ་ཚང་མ་ཁྱིམ་ཚང་ལ་སྟེར་དགོས། ཁྱད་པར་དུ་བྱིས་པ་རྣམས་སློབ་གྲྭར་སྐྱེལ་བར་འགོར་འགྱངས་མི་བྱེད་པར། གནས་སྐབས་ཀྱི་སློབ་ཁང་བཀོད་སྒྲིག་བྱས་ཏེ། དུས་ལྟར་སློབ་མགོ་རྩོམ་པར་ཁག་ཐེག་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་དང་མ་དངུལ་དངོས་འབེབས་བྱེད་པར་དམ་འཛིན་བྱས་ཏེ། གནོད་ཐེབས་ས་ཁུལ་གྱིས་སྡོད་ཁང་བསྐྱར་བསྐྲུན་དང་ཉམས་གསོ་སོགས་བསྐྱར་བསྐྲུན་བྱ་བར་རྒྱབ་སྐྱོར་དང་། དཔུལ་སྐྱོར་གསར་སྤེལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། བགྲོད་ལམ་དང་ཆུ་བེད་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གནོད་ཐེབས་ས་ཁུལ་གྱི་རང་སྟེང་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་གསུངས། །

02.jpg
འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཙུང་ལི་ལིས་ཁི་ཆང་མཚོ་ངོས་ལས་སྨི་ཉིས་སྟོང་བདུན་བརྒྱ་ལྷག་ཡོད་པའི་མེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་སའི་མེ་ཁྲོན་གྲོང་བརྡལ་ཡོན་ཀོང་སྡེ་བར་ཕེབས་ཏེ་གནོད་ཐེབས་མང་ཚོགས་ལ་སྐོར་རྒྱག་པའི་ཚུལ་རེད།

 03.jpg
འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཙུང་ལི་ལིས་ཁི་ཆང་གིས་མེན་རྫོང་མི་དམངས་སྨན་ཁང་དུ་དཔུང་བར་རྨས་ཕོག་པའི་གྲོགས་པོ་ཆུང་ཆུང་ཚོ་ཅན་ཏུང་ལ་སྐོར་རྒྱག་པའི་ཚུལ་རེད།

 04.jpg
འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཙུང་ལི་ལིས་ཁི་ཆང་གིས་མེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་མེ་ཁྲོན་གྲོང་བརྡལ་ཡོན་ཀོང་སྡེ་བ་རུ་ཁང་བའི་བཤིག་རོ་གཙང་དག་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་ཁམས་འདྲི་ཞུ་བའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག