མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲིམས་ལུགས་ཁག12བཟོ་བཅོས་བྱས་པར་གྲོས་འཆམ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས29ཉིན་བརྡས་ཐག་བཅད་པ་བརྒྱུད་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁག12སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་མང་པོར་བཟོ་བཅོས་བྱེད་པའི་རྣམ་པའི་ཐོག་ནས་ཁྲིམས་ལུགས་ཁག་ཅིག་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པ་བཟོས་པའམ་དབང་ཆ་གཤམ་སྤྲོད་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས། དེ་ལྟར་བྱས་པ་དེས་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་སྔར་བས་སྲིད་འཛིན་སྟབས་བདེ་དང་དབང་ཆ་གཤམ་སྤྲོད་བྱེད་ཐུབ་པའི་ངོས་འཛིན་གནང་བ་རེད།

རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཕུད། ད་ཐེངས་བཟོ་བཅོས་བྱས་པའི་བཅའ་ཁྲིམས་ནང་ད་དུང་རྩྭ་ཐང་བཅའ་ཁྲིམས་དང་འགག་སྒོའི་བཅའ་ཁྲིམས། ཕྱིར་གཏོང་ནང་འདྲེན་གི་ཚོང་ཟོག་ཞིབ་བཤེར་བཅའ་ཁྲིམས། ཁྲལ་བསྡུའི་དོ་དམ་བཅའ་ཁྲིམས། སྲ་གཟུགས་ཟོག་རོའི་སྦགས་བཙོག་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས། རྡོ་སོལ་བཅའ་ཁྲིམས། སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་བཅའ་ཁྲིམས། དངུལ་འཛིན་བཅའ་ཁྲིམས། ས་བོན་བཅའ་ཁྲིམས། དམངས་གཉེར་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས། འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་ཚུད་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཁྲིམས་ལྟར་སྲིད་འཛིན་ཞིབ་མཆན་ལམ་ལུགས་བསྒྱུར་བཅོས་དང་སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ། ཁྲོམ་ར་དང་སྤྱི་ཚོགས་ཀྱི་གསར་སྐྲུན་གསོན་ཤུགས་སྔར་བས་འཕེལ་བ་བྱེད་ཆེད། བཅའ་ཁྲིམས་མང་པོར་བཟོ་བཅོས་བྱེད་པའི་རྣམ་པ་བརྒྱུད་བཅའ་ཁྲིམས་ཁག་ཅིག་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པ་བཟོ་བའམ་དབང་ཆ་གཤམ་སྤྲོད་བྱེད་པ་ནི་དགོས་ངེས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

རྒྱལ་ཁབ་རིག་དངོས་ཅུད་ཀྱིས། གཞུང་ཁོངས་མ་ཡིན་ལ་སྤོ་སྒྱུར་མི་ཆོག་པའི་རིག་དངོས་གཙོ་བོ་ནི་གྲོང་མིའི་སྡོད་ཁང་དང་དགོན་སྡེ་ཡིན་པ་དང་གྲངས་འབོར་མང་པོ་མེད། སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་དེ་མེད་པ་བཟོས་རྗེས། རིག་དངོས་ཚན་པས་དོ་དམ་བྱ་ཐབས་བརྗེ་སྒྱུར་བྱས་པ་བརྒྱུད། སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པས། རིག་དངོས་སྲུང་སྐྱོབ་ཐད་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་ལ། དོ་དམ་ཟང་ཟིང་དུའང་འགྱུར་མི་སྲིད་ཅེས་ངོ་སྤྲོད་བྱས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག