མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུང་མོང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་གཉིས་ལོན་པའི་སྔོན་དག་དག་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་དང་ལག་ལེན་སྐོར་ནས་ཐུན་མོང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སློང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་གསུངས་དོན། ལོ་རྒྱུས་ནི་ཆེས་བཟང་བའི་བསླབ་དེབ་ཡིན་པས། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱུས་སུ་གཏོང་བ་དང་། ཏང་གི་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་སྦྱོང་དགོས་པའི་བསླབ་གཞི་ཞིག་ཡིན་པས། བསླབ་གཞི་དེར་ངེས་པར་དུ་སློབ་སྦྱོང་བཟང་བོ་བྱེད་དགོས། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རྒྱུ་མུ་མཐུད་དུ་གཙིགས་འཛིན་བྱས་ནས། ལོ་རྒྱུས་ལ་བསམ་གཞིགས་ཟབ་མོ་གཏོང་བའི་ཁྲོད་དོན་དངོས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། མ་འོང་བར་ཁ་ཕྱོགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་བཟང་བོ་རྒྱུན་ཆད་པར་གསར་སྐྲུན་བྱེད་དགོས་ཟེར།

ཐེངས་འདིའི་སློབ་སྦྱོང་ལ་གྲ་སྒྲིག་བཟང་བོ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སྔོན་ལ་སློབ་སྦྱོང་བྱས་པར་མ་ཟད། བསམ་གཞིགས་དང་གྲ་སྒྲིག་བཟང་བོ་བྱས། མཱ་ཁེ་དང་ལིག་ཆི་པའོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ་བཅས་ཀྱིས་སྔ་གཞུག་ཏུ་གནད་སར་དམིགས་ཏེ་གཏམ་བཤད། ཚང་མས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློང་སྦྱོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་དང་ལག་ལེན་བརྗོད་བྱ་གཙོ་བོར་བཟུང་སྟེ། དམིགས་ཡུལ་གཙོ་བོ་ནི་ང་ཚོ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིར་དྲན་བྱེད་པ་དང་། ཁྱད་པར་དུ་ང་ཚོ་ཏང་གིས་མི་དམངས་ཁྲིད་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཕྱིར་དྲན་བྱེད་སྐབས། ང་ཚོའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ངོས་འཛིན་མཐོར་འདེགས་བྱེད་པ་དང་། བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་བཅས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་རང་རྟོགས་རང་བཞིན་ཇེ་ཆེར་གཏོང་རྒྱུ་དེ་ཡིན་ལ། དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་གཉིས་ལོན་པར་རྟེན་འབྲེལ་ཆེས་བཟང་བོ་ཞུས་པའང་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག