མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ལྷའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས26ཉིན་ལྷའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བའི་ཐད་ནས་སྤྱིའི་སྒྲིག་ཆས་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཀུང་ཟི། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་བཟོ་ལས་སྡེ་ཚོགས་ཀུང་ཟི། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀུང་ཟི་དང་བཅས་པའི་ལྷའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་དུ་ཞུགས་པའི་བློ་མཐུན་ཡོངས་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

རྟེན་འབྲེལ་གློག་འཕྲིན་ལས་ལྷའི་ཕོ་བྲང་དང་པོ་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པའི་མཁའ་སྐྱོད་པ་དང་། ཐེངས་འདིའི་ལས་འགན་དུ་ཞུགས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་། ལས་བྱེད་པ་དང་ལས་བཟོ་བ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་ལ་སྤྲེ་སེམས་འཕེལ་བས་རྟེན་འབྲེལ་དང་སྙིང་ཉེ་བའི་ངང་ཁམས་འདྲི་བྱས།

རྟེན་འབྲེལ་གློག་འཕྲིན་ལས་བསྟན་དོན། ལྷའི་ཕོ་བྲང་དང་པོ་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བ་དེ་ལས། རང་རྒྱལ་གྱི་བར་སྣང་འབྲེལ་མཐུད་ལག་རྩལ་སྔར་ལས་བྱང་ཆ་ལྡན་པ་དང་། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་རིམ་པ་གཉིས་པའི་འཐབ་ཇུས་དམིགས་འབེན་ཐད་ནས་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས་བ་མཚོན། དེ་ནི་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་འདྲེན་འོག མཁའ་སྐྱོད་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་ཟབ་མོ་དང་། གསར་སྐྲུན་ཅན་གྱི་རྒྱལ་ཁབ་མྱུར་དུ་བསྐྲུན་པའི་ཐད་ནས་ཡང་བསྐྱར་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། རང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རླབས་ཆེན་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་བླངས་པའི་གྲུབ་འབྲས་འགངས་ཆེན་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་འབྱོར་བ་དང་ཚན་རྩལ་སྔར་ལས་ཇེ་རྒྱས་དང་། མི་རིགས་ཀྱི་གོང་བུར་སྒྲིལ་ཤུགས་སྔར་ལས་ཇེ་ཆེ། རླབས་ཆེན་གྱི་ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་སྟོབས་ཤུགས་ངོམ་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ཆེན་པོའི་ཕྱོགས་སུ་རྒྱལ་ཁའི་ངང་སྐྱོད་པར་སྐུལ་བ་ལ་དོན་སྙིང་ཆེན་པོ་ལྡན་པས། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་མཛད་རྗེས་དེ་ནམ་ཡང་བརྗེད་མི་སྲིད།

རྟེན་འབྲེལ་གློག་འཕྲིན་ནང་ཐེངས་འདིའི་ལས་འགན་བླག་ངང་ལེགས་འགྲུབ་བྱུང་བ་དེ་ལས། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་ལས་དོན་དེ་བར་སྣང་སྟོང་བའི་ཁམས་སུ་ས་ཚིགས་བསྐྲུན་པ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། རྗེས་ཕྱོགས་ཀྱི་ལས་འགན་ནི་སྔར་ལས་དཀའ་ཚེགས་ཆེ་ཞིང་། ལས་འནན་ནི་སྔར་བས་གཟི་གཟི་བརྗིད་ལྡན་པས། རེ་བ་ལ་ཁྱེད་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་འཛིན་པ། མདེལ་གཉིས་འཁོར་སྐར་གཅིག་གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ། དཀའ་སྤྱད་འབད་བརྩོན་དང་། གསར་སྤེལ་གསར་སྐྲུན། མཐུན་སྒྲིལ་རོགས་ལས་བཅས་བྱས་ཏེ། ཡར་བསྐྱར་གཟེངས་སུ་ཐོན་པའི་གྲུབ་འབྲས་བསྐྲུན་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག