མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 11:32

02.jpg

       སྤྱི་ཟླ6པའི་ཚེས22ནས་ཚེས25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ཉན་པ་དང་བསམ་འཆར་བརྗེ་རེས་མཛད།

03.jpg

        སྤྱི་ཟླ6པའི་ཚེས22ནས་ཚེས25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དེ་ཐོག་མར་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་སྤེལ་བའི་སྐོར་གྱི་དགོངས་དོན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ཟླ6པའི་ཚེས22ནས་ཚེས25ཉིན་བར་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་ལ་གཞིགས་པ་དང་། དམངས་ལ་དོན་དངོས་སྒྲུབ་པ་དང་སྤྱོད་པ་གཙང་བ་ནང་དོན་གཙོ་བོར་རྩིས་ཏེ། མར་ཁི་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བའི་སློབ་གསོ་གཏོང་བར་ངེས་པ་དོན་གྱིས་ཤུགས་སྣོན་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་སྤྱི་སྡོམ། བསམ་བློའི་དོན་དངོས་དང་ལས་བགོས་དོ་དམ་བྱེད་པའི་ས་གནས་ཀྱི་སྡེ་ཁག་དང་ལས་ཁུངས་གྱི་བྱ་བའི་དོན་དངོས་དང་འབྲེལ་འདྲིས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། འདོད་ཡོན་རིང་ལུགས། རྒྱས་སྤྲོས་ཀྱི་སྤྱོད་ངན་བཅས་ཕྱོགས་སུ་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་དང་དེ་དང་འབྲེལ་བའི་ལམ་ལུགས་དང་གཏན་ཁེལ་ལ་ཞིབ་འཇུག་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

  ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ནང་དོན་གཙོ་བོ་ཡིན་ལ། ཚོགས་འདུའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་བློ་མཐུན་མའོ་ཙེ་ཏུང་དང་ཏིན་ཞོ་ཕེན། ཅང་ཙེ་མེན། ཧུའུ་ཅིན་ཐའོ་བཅས་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་དང་། སེམས་གཏམ་བརྗོད་པ་དང་གླེང་མོལ་བརྒྱུད་དེ་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། མིག་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པར་བསམ་གཞིགས་ཡང་ཡང་བཏང་བ་དང་དབྱེ་བཞི་བྱས་པ་དང་། གཏམ་བཤད་གནད་བསྡུས་རང་གིས་བྲིས། དེ་དང་མཚུངས་སུ། ཀྲུང་དབྱང་གི་རེ་བ་ལྟར། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། ནོར་སྲིད་པུའུ་བཅས་དང་ལྷན་དུ་ཏང་ཡོངས་ཀྱིས་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་བྱས།

   ཚོགས་ཐོག་ནས་ཀྲུང་དབྱང་ཀྱི་གཏན་ཁེལ་བརྒྱད་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱི་གཏམ་བཤད་བཅས་ལ་ཉན་པ་དང་། རང་ཉིད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བསྡུར་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་དང་ལམ་ལུགས་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས།

   ཚོགས་ཐོག་ནས་ཏང་གིས་ཏང་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱུ་ནི། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་སྔར་ལས་དངོས་འབེབས་བྱེད་པའི་འགན་སྲུང་གཙོ་བོ་ཡིན་པས། ཕུགས་བསམ་གྱི་ཡིད་ཆེས་དང་དམིགས་འབེན་འདུ་ཤེས་སྐོར་གྱི་སློབ་གསོ་གཏོང་བར་ཤུགས་སྣོན་པ་དང་། སྤྱོད་་ཚུལ་ལེགས་སྒྱུར་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། སྤྱོད་བཟང་དར་སྤེལ་བྱེད་པར་མིག་དཔེ་སྟོན་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་གྱིས་ཚད་ལྡན་དུ་བཏང་ནས། དངོས་ཐོག་བདེན་འཚོལ་གྱི་བསམ་པའི་ལམ་ཕྱོགས་རྒྱུན་འཁྱོངས་གང་ལེགས་བྱེད་དགོས། ལས་བྱེད་པའི་སྲིད་ཕྱོགས་གྲུབ་འབྲས་དཔྱད་ཞིབ་དང་གདེངས་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྲིད་ཕྱོགས་གྲུབ་འབྲས་དཔྱད་ཞིབ་བྱེད་པར་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་ལ་ཡར་སྐུལ་གཏོང་དགོས། སྤྱོད་ཚུལ་ལེགས་པའི་ལས་བྱེད་པ་གོ་གནས་གཙོ་བོར་འཇོག་པ་དང་། སྤྱོད་ཚུལ་མི་ལེགས་པའི་ལས་བྱེད་པར་ཉེན་བརྡ་གཏོང་བ་དང་ཆད་པ་གཅོད་པ། བཅོས་སྒྱུར་ཟབ་མོ་དང་འགན་ནུས་ལེགས་སྒྱུར་བྱས་ཏེ། སྒྲིག་སྲོལ་དང་ལམ་ལུགས་ཀྱི་ཐད་ནས་ཚུལ་མིན་སྤྱོད་ངན་བཀག་འགོག་བྱེད་རྒྱུ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། འགན་འཁྲི་རྩད་གཅོད་པར་ཤུགས་བསྣན་ནས། ལྟ་རྟོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། གླེང་ཕྱོགས་ཀྱི་ལྟ་རྟོག་དང་མང་ཚོགས་ཀྱི་ལྟ་རྟོག་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཏན་ཁེལ་བརྒྱད་ནན་ཏན་གྱིས་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཁས་བླངས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པའི་རང་བཤེར་གཏམ་བཤད་ལ་སྤྱི་སྡོམ་མཛད་དེ། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་དང་། ཏང་ནང་ཁུལ་གྱི་འབྲེལ་ཡོད་ལམ་ལུགས་བཅོས་སྒྱུར་བྱེད་རྒྱུ་ནི་སྒོ་ཀུན་ནས་བཅོས་སྒྱུར་ཟབ་མོ་བྱེད་པའི་ནང་དོན་གཙོ་བོ་ཡིན་པ་ནན་གྱིས་བསྟན།

  ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའི་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་ལ་ཐུགས་རེ་ལྔ་བཏོན། གཅིག་ནས་བསམ་བློ་ཆབ་སྲིད་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་བ། གཉིས་ནས་གནས་བབ་ཆེན་པོར་བརྟག་མཁས་པ་དང་དོན་ཆེན་སྒྲུབ་མཁས་བར་བྱེད་པ། གསུམ་ནས་དམངས་གཙོ་གཅིག་བསྡུས་ལམ་ལུགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་པ། བཞི་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལྔ་ནས་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་དགོས་པ་བཅས་རེད། 

  ཚོགས་ཐོག་ནས་སྤྱོད་ཚུལ་སྔར་ལས་བཅོས་སྒྱུུར་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་འབྲེལ་ཡོད་ལམ་ལུགས་གཏན་ཁེལ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གཏན་ཁེལ་བརྒྱད་བརྩི་སྲུང་བྱེད་པར་སྣེ་ཁྲིད་རྒྱུ་དང་། ས་གནས་ཁག་དང་སྡེ་ཁག་སོ་སོས་འབྲེལ་ཡོད་གཏན་ཁེལ་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ཏེ། གཏན་ཁེལ་དང་འགལ་བའི་བྱ་སྤྱོད་རྩད་གཅོད་ནན་མོ་བྱེད་པ་དང་། བྱ་སྤྱོད་ངོ་མའི་སྟེང་ནས་ལམ་ལུགས་ཀྱི་དབང་ཤེད་རང་བཞིན་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག