མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་གྱི་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་སྐར་གྲངས700ལས་བརྒལ་བའི་སློབ་མ100ཡན་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས23ཉིན། པེ་ཅིན་གྱི་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་སྐར་གྲངས་འདྲི་རྩད་དྲ་བ་ཤར་གཏོང་བྱས་པ་དང་། ཀུན་ནས་དོ་ཁུར་བྱེད་པའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཁག་དངོས་སུ་ཡོངས་གྲགས་བྱས་པ་རེད། རིག་གནས་ཚན་ཁག་གི་དངོས་གཞིར་ལོན་པའི་སྐར་གྲངས549དང་། རང་བྱུང་ཚན་རིག་ཚན་ཁག་ལ་ལོན་པའི་སྐར་གྲངས550ཡིན་ཅིང་། ཁག་སོ་སོར་ན་ནིང་ལས་སྐར་མ54དང་སྐར་མ73མཐོ་རུ་སོང་ཡོད་པ་རེད། ད་ལོ་རིག་གནས་དང་རང་བྱུང་ཚན་རིག་གི་དངོས་གཞིའི་ཚན་ཁག་ལ་ལོན་པའི་སྐར་གྲངས་ཐད་པེ་ཅིན་དུ་སྤྱི་ལོ2002ལོར་རང་བདག་ངང་ཡིག་རྒྱུགས་རྒྱུགས་ཤོག་བཏོན་པ་ནས་བཟུང་མཐོ་ཤོས་ཡིན་པ་རེད།

པེ་ཅིན་སློབ་གསོའི་ཡིག་རྒྱུགས་ཁང་གི་འགོ་འཛིན་གཞོན་པ་ཙང་ཐེ་ཅུན་གྱིས། མ་གཞི་རྒྱུགས་ལེན་སློབ་མའི་སྐར་གྲངས་སྤྱི་ཡོངས་ནས་མཐོ་རུ་སོང་ཡོད་ནའང་། ད་ལོ་རྒྱུགས་ལེན་སློབ་མའི་སྐར་གྲངས་ཁག་གི་མི་གྲངས་ཁྱབ་ཚུལ་ཡག་པོ་ཡོད་པ་དང་། གཞི་རྩའི་ཆ་ནས་ཁྱབ་ཚུལ་ཡག་པོ་ཡོད་ཅིང་། རྒྱུགས་ལེན་སློབ་མའི་སྤྱི་ཡོངས་ཆུ་ཚད་མདུན་གྲལ་དུ་སླེབས་པ་དང་། སྐར་གྲངས་མཐོ་དམན་ཆེན་པོ་ཤོར་བའི་གནས་ཚུལ་ཐོན་མེད་པར། ཅུང་གནད་ལ་འཁེལ་བའི་སྒོ་ནས་རྒྱུགས་ལེན་སློབ་མའི་དོན་དངོས་སློབ་གཉེར་ཆུ་ཚད་མངོན་ཡོད་ཅེས་ངོ་སྤྲོད་གནང་འདུག

སྔོན་མ་མཐོ་རིམ་སློབ་རྒྱུགས་ནང་སྐར་གྲངས700ཡན་གྱི་སློབ་མའི་མི་གྲངས་གཞི་རྩའི་ཆ་ནས་བཅུ་གྲངས་ལས་མེད། འོན་ཀྱང་ད་ལོ་མི་གྲངས100ལས་བརྒལ་ནས་སློབ་མ100ལྷག་ཡོད་པ་དང་། སྐར་གྲངས650ཡན་ཟིན་པའི་མི་གྲངས3000ལྷག་ཡོད། གྲངས་འབོར་དེ་སྔོན་མའི་སྐར་གྲངས600ཡན་ཟིན་པའི་མི་གྲངས་དང་རྩ་བའི་ཆ་ནས་འདྲ་བ་རེད།

ཙང་ཐེ་ཅུན་གྱིས། ད་ལོ་པེ་ཅིན་གྱི་མཐོ་རིམ་སློབ་རྒྱུགས་ཀྱི་འདྲི་ཤོག་བརྟག་དཔྱད་བྱས་པའི་ནང་དོན་ཁྱབ་ཁོངས་དང་ནུས་པའི་ཁྱབ་ཁོངས་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཚན་ཁག་ཁག་ཚང་མར་འགྱུར་ལྡོག་འོས་འཚམས་བྱུང་ཡོད། དུས་མཚུངས་སུ་ཁྱད་ཆོས་མང་པོ་ཐོན་ཡོད་ཅེས་དང་། ཙང་ཐེ་ཅུན་གྱིས། ད་ལོ་པེ་ཅིན་གྲོང་ཁྱེར་གྱི་མཐོ་རིམ་སློབ་རྒྱུགས་སློབ་མའི་མི་གྲངས་དང་སློབ་བསྡུའི་འཆར་གཞིའི་གྲངས་ཚད་དེ་ན་ནིང་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་ནའང་། རྒྱུགས་ལེན་སློབ་མའི་སྤྱིའི་སྐར་གྲངས་མཐོ་རུ་སོང་བས། ཡིག་ཚད་ལོན་པའི་སྐར་གྲངས་རང་བཞིན་གྱིས་མཐོ་རུ་སོང་ཡོད་ཅེས་ངོ་སྤྲོད་གནང་འདུག

ཡིག་རྒྱུགས་ཁང་གི་བཀོད་སྒྲིག་ལྟར་ན། མཐོ་རིམ་སློབ་གྲྭའི་སློབ་བསྡུ་དེ་སྤྱི་ཟླ7པའི་ཚེས6ཉིན་ནས་སྤྱི་ཟླ8པའི་ཚེས7ཉིན་བར་བྱ་རྒྱུ་ཡིན་པ་དང་། ད་ལོ་པེ་ཅིན་གྲོང་ཁྱེར་གྱི་སློབ་བསྡུའི་ཐད་མུ་མཐུད་ཁག་དབྱེ་བ་དང་རང་མོས་གདམ་ག་བྱས་པར་གཞིགས་ནས་སློབ་བསྡུ་བྱ་རྒྱུ་ཡིན་པ་རེད།

མཐོ་རིམ་སློབ་བསྡུའི་ལས་དོན་ཐད་བྱེད་མི་ཆོག་དྲུག་གི་གཏན་འབེབས་ལག་བསྟར་ནན་པོ་བྱ་རྒྱུ་མ་ཟད། སློབ་བསྡུ་བྱེད་ཡུལ་དུ་ཆེད་མངགས་སྒྲིག་བཤེར་དང་ལྟ་ཞིབ་ཚོགས་ཆུང་འཛུགས་རྒྱུ་དང་། སློབ་བསྡུའི་བརྒྱུད་རིམ་ཡོངས་སུ་ཞུགས་ནས་སྐབས་ཐོག་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ཡིག་རྒྱུགས་ཁང་གིས་སློབ་བསྡུའི་རིང་གི་གྲོས་འདྲི་སྣེ་ལེན་ས་ཚིགས་འཛུགས་རྒྱུ་དང་། ཆེད་དོན་ཁ་པར་འཛུགས་པ། ཆེད་དོན་མི་སྣ་བཀོད་སྒྲིག་གིས་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་གི་གྲོས་འདྲི་དང་རེ་ཞུ་དང་ལེན་བྱ་རྒྱུ། སྲིད་ཇུས་ཀྱི་གཏན་འབེབས་ལ་གཞིགས་ནས་དུས་ཐོག་ཏུ་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ནས་བཏོན་པའི་དྲི་བར་ལན་རྒྱག་རྒྱུ། རྒྱུགས་ལེན་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག