མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་པ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས24ཉིན་དུས་བཅད་ལྟར་པ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་པ་ཞིའི་འབྲེལ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་གནས་བབ། གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས་བཅས་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་སྤྱི་ཟླ3པའི་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ལྔ་བའི་སྐབས་སུ། ངེད་གཉིས་ཀྱིས་ཐུག་འཕྲད་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཀྲུང་གོ་དང་པ་ཞིའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཛའ་མཐུན་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་པ་ཞིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བདག་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་དངུལ་ལོར་ཚོང་རའི་ནང་དུ་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་གསར་བ་ཁ་ཤས་བྱུང་བ་དང་། དེའི་ནང་དུ་ཀྲུང་གོ་དང་པ་ཞི་དང་བཅས་པའི་གསེར་ལྡན་རྒྱལ་ཁབ་ཀྱིས་འབྲེལ་ཡོད་འཕེལ་ཕྱོགས་ལ་ཡིད་འཇོག་ཆེན་པོ་བྱེད་པ་དང་། ནོར་སྲིད་ཁྱབ་ཁོངས་ནས་འབྲེལ་འདྲིས་མཉམ་ལས་བྱེད་པར་ཤུགས་སྣོན་དགོས་ལ། དངུལ་ལོར་བདེ་འཇགས་དྲ་བ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་དམ་བཅའ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱལ་སྤྱིའི་དངུལ་ལོར་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། འཛམ་གླིང་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་འདུས་ཡོད།

ལོ་སེ་ཧྥུའུ་ཡིས་བཤད་རྒྱུར། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། པ་ཞི་དང་ཀྲུང་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་སོགས་གསེར་ལྡན་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ཁྱབ་ཁོངས་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པ་དང་། འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག