མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་ཐེར་འདོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐེངས་བཅོ་ལྔ་བ་གཉེར་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས24ཉིན་ནས་ཚེས28ཉིན་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་ཐེར་འདོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐེངས་བཅོ་ལྔ་གཉེར་རྒྱུ་ཡིན་པ་དང་། མི་དམངས་མང་ཚོགས་ནས་བཅའ་ཁྲིམས་སློབ་སྦྱོང་དང་ཁྲིམས་སྲུང་། ལས་གནས་བྱས་ཉེས་གསོག་མཁན་དང་འཐབ་རྩོད་བྱེད་ཕོད་རྒྱུར་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་རེད། ད་ལོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་ཐེར་འདོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཐེར་འདོན་མི་སྣར་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཞེས་པ་དེ་ཡིན་པ་རེད།

ཐེར་འདོན་དྲིལ་བསྒྲགས་གཟའ་འཁོར་རིང་། རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་དང་གསར་འགྱུར་མཚམས་སྦྱོར་ལས་ཁུངས་ཀྱི་དྲིལ་བསྒྲགས་བྱེད་པར་བརྟེན་པ། ཁྲོམ་ལམ་དུ་དྲིལ་བསྒྲགས་ས་ཚིགས་འཛུགས་པ། ཞིབ་དཔྱོད་དཔོན་གྱིས་ཁ་ཆད་ལྟར་བཅར་འདྲི་དང་ལེན་བྱེད་པ། ཉེན་བརྡ་སྤྱད་དེ་སློབ་གསོའི་རྟེན་གཞིར་དྲིལ་བསྒྲགས་རྒྱ་སྐྱེད་དུ་གཏོང་བ། མང་ཚོགས་ནས་བདེ་སྡུག་ཞུ་བའི་ཐབས་ལམ་སྔར་བས་ཚད་ལྡན་དང་ཡང་དུ་བཏང་བ་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་ཐོག་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཐེར་འདོན་དྲིལ་བསྒྲགས་བྱེད་སྒོས་གཙོ་བོ་གཤམ་གྱི་ཕྱོགས་བདུན་ཐད་ནས་དྲིལ་བསྒྲགས་བྱེད་རྒྱུ་སྟེ། རུལ་སུངས་སུ་གྱུར་བ་བཅོས་སྐྱོང་དང་སྔོན་འགོག་གི་སྲིད་དོན་གལ་ཆེན་བྱེད་ཕྱོགས་དྲིལ་བསྒྲགས་བྱེད་རྒྱུ་དང་གཅིག ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་གནས་བྱས་ཉེས་བསག་རིགས་རྩད་བཤེར་དང་སྔོན་འགོག་གི་ལས་དོན་གཙོ་བོ་དྲིལ་བསྒྲགས་བྱེད་རྒྱུ་དང་གཉིས། ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཛོལ་དབང་གནོད་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་གི་ལས་དོན་གྱི་འགན་ནུས་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་སྤེལ་བའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་དྲིལ་བསྒྲགས་བྱེད་རྒྱུ་དང་གསུམ། འགན་གནས་བྱས་ཉེས་གྱོད་གཞི་དང་འགན་འཛོལ་ཉེས་དོན་གྱོད་གཞི་བསྒྲུབ་པའི་འབྲེལ་ཡོད་སྲིད་ཁྲིམས་ཀྱི་གསལ་འགྲེལ་དྲིལ་བསྒྲགས་བྱེད་རྒྱུ་དང་བཞི། ཐེར་འདོན་བྱས་པའི་ཡང་དག་ཁ་ཕྱོགས་དང་ཐབས་ལམ་དྲིལ་བསྒྲགས་བྱེད་རྒྱུ་དང་ལྔ། ཞིབ་དཔྱོད་ལས་ཁུངས་ཀྱིས་འོད་སྣང་ཁྲིམས་ལྟར་ཁྱབ་སྤེལ་གཏོང་བ་དང་ཞིབ་དཔྱོད་ལས་དོན་མངོན་གསལ་གྱི་ལག་ལེན་བསྟར་བའི་ལམ་ལུགས་བྱེད་ཐབས་དྲིལ་བསྒྲགས་བྱེད་རྒྱུ་དང་དྲུག ཐེར་འདོན་བྱས་ཏེ་བྱས་རྗེས་འཇོག་མཁན་གྱི་ལས་དོན་མི་སྣར་བྱ་དགའ་སྤྲོད་རིགས་དྲིལ་བསྒྲགས་བྱེད་རྒྱུ་བདུན་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག