མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་སྐབས་ལམ་ལུགས་འཛུགས་སྐྱོང་ལ་སྣང་ཆེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གྱི་གཏན་འབེབས་དོན་ཚན་བརྒྱད་ཁྱབ་བསྒྲགས་བྱས་ནས་ལོ་ཕྱེད་སོང་ཚུན། ས་གནས་ཁག་གིས་བྱ་ཐབས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོ་ཞིག་གིས་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་བཏོན་ཡོད། གཏན་འབེབས་དོན་ཚན་བརྒྱད་ནང་བཏོན་པའི་ཕྱོགས་བརྒྱད་ལ་དམིགས་ཏེ། ས་ཆ་མི་ཉུང་བ་ཞིག་གིས་གཏན་འབེབས་ཞིབ་ཕྲ་བཟོ་བ་དང་། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་འཚོལ་ཞིབ་སྔར་ལས་ལྷག་པ་བྱས་པ་དང་། དེ་དང་དུས་མཚུངས་སུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། གཏན་འབེབས་དོན་ཚན་བརྒྱད་རྒྱུན་བསྲིང་ལྷོད་མེད་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ལེགས་བཅོས་དང་། སྣེ་ལེན་གྱི་མངོན་མེད་སྒྲིག་སྲོལ་བཀག་འགོག་བྱ་རྒྱུའི་ཐད་ས་ཆ་མི་ཉུང་བ་ཞིག་གིས་གཏན་འབེབས་དོན་ཚན་བརྒྱད་ནང་བཏོན་པའི་བླང་བྱ་ཁ་གསལ་ཅན་དུ་བཟོས་ཡོད་པ་རེད། ཉིང་ཞ་དང་། ཧྲན་ཏུང་། ཧོ་ནན། ཧྥུ་ཅན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རིམ་ཁག་འགོ་ཁྲིད་ས་གནས་ལ་བརྟག་ཞིབ་བྱེད་པར་བསྐྱོད་སྐབས་ས་གནས་ནས་སྤྲད་པའི་དྲན་རྟེན་ལག་རྟགས་དང་ས་ཆ་དེ་གའི་དམིགས་བསལ་ཐོན་རྫས་ལེན་མི་ཆོག་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད། ཧུར་བསྲི་གྲོན་ཆུང་དང་། གཞུང་དངུལ་སྤྱད་ནས་ཟ་འཐུང་བྱ་རྒྱུ་བཀག་འགོག་བྱ་རྒྱུའི་ཐད་ས་གནས་ཁག་ཅིག་གིས་ལམ་ལུགས་འཛུགས་སྐྱོང་ཐོག་ནས་འཚོལ་ཞིབ་བྱས་ཡོད་པ་རེད།

གཞུང་དོན་གྱི་སྣེ་ལེན་ཚད་གཞི་སོགས་ཀྱི་གནད་དོན་ལ་དམིགས་ནས། ཨན་ཧུའེ་ཞིང་ཆེན་གྱིས་ཨན་ཧུའེ་ཞིང་ཆེན་ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གཞུང་དོན་རྟོག་ཞིབ་དང་སྣེ་ལེན་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པ་དང་། ཨན་ཧུའེ་ཞིང་ཆེན་གྱི་ཞིང་ཆེན་ཐད་གཏོགས་ཚན་པའི་སྣེ་ལེན་འགྲོ་གྲོན་ལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པ་སོགས་གཏན་འབེབས་ཞིབ་ཕྲ་བཟོས་པ་དང་། ལྷག་པར་དུ་ ཨན་ཧུའེ་ཞིང་ཆེན་གྱི་ཞིང་ཆེན་ཐད་གཏོགས་ཚན་པའི་སྣེ་ལེན་འགྲོ་གྲོན་ལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པའི་ནང་ཁ་ལག་ཟ་ཐབས་དང་། ཚད་གཞི། ཟ་རོགས་བྱེད་མཁན། སྡོད་ཁང་གི་ཚད་གཞི་སོགས་ཀྱི་ཐད་བླང་བྱ་དེ་བས་ཁ་གསལ་བཏོན་ཡོད་པ་རེད།

གཞུང་དོན་སྣེ་ལེན་སྐབས་ཆང་རག་འཐུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིང་ཆེན་མི་ཉུང་བ་ཞིག་གིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཆང་རག་འཐུང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཧོ་ནན་ཞིང་ཆེན་གྱིས། ལས་ཀའི་དོན་གྱི་ཁ་ལག་རྩ་དོན་ཐོག་རང་འདེམས་ཁ་ལག་བཀོད་སྒྲིག་བྱེད་དགོས་པ་དང་ཚལ་སྣེ་རིགས་བཞི་ལས་བརྒལ་མི་ཆོག་པ་དང་ཆང་རག་བཏུངས་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད། ཀྲེ་ཅང་ཞིང་ཆེན་གྱིས་ད་དུང་བླང་བྱ་སྔར་ལས་ལྷག་པ་བཏོན་ནས་ཉིན་གུང་ཁ་ལག་བཟའ་སྐབས་ཆང་རག་བཏུངས་མི་ཆོག་པ་དང་། གྲོང་ཁྱེར་དེ་རང་ནང་བཀོད་སྒྲིག་བྱས་པའི་བྱེད་སྒོ་ཡིན་ཕྱིན་ཁ་ལག་བཀོད་སྒྲིག་མི་བྱེད་པའི་བླང་བྱ་བཏོན་ཡོད་པ་རེད། ཧྥུ་ཅན་ཞིང་ཆེན་གྱིས་ད་དུང་རང་འདེམས་ཁ་ལག་ཚད་གཞི་ལས་བརྒལ་བ་དང་རྒྱས་སྤྲོས་ཆེ་བའི་གནས་ཚུལ་ཐོན་པ་དོ་སྣང་བྱུང་ནས་གནས་གོང་མཐོ་བའི་ཚལ་རིགས་མི་གཏོང་བ་དང་ཐ་མག་དང་ཆང་རག་བཀོད་སྒྲིག་མི་བྱེད་པར་རང་འདེམས་ཁ་ལག་ཡིན་རུང་གྲོན་ཆུང་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།

དེའི་གོང་དུ་རྟག་དཔྱད་དང་བཅར་འདྲི་ཞུས་པར་གཞིགས་ན། མིག་སྔར་ས་གནས་ཁག་ཅིག་ཏུ་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པའི་ཐད་སྔར་བཞིན་གཡོ་ཟོལ་གྱི་རྣམ་པ་ཐོན་ཡོད་པ་རེད། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སྲོལ་རྒྱུན་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ལེའང་ཐའོ་ཡིས། ལས་བྱེད་པ་ཁག་ཅིག་གིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་རྒྱུར་ངོས་འཛིན་ཡག་པོ་བྱུང་མེད་པ་དང་། ལྟ་སྟངས་ལ་ད་དུང་རྦད་དེ་འགྱུར་བ་གཏོང་ཐུབ་མེད། དེ་ཡང་འདུ་ཤེས་ཀྱི་རྒྱུ་རྐྱེན་ཡོད་ལ་ལམ་ལུགས་ཐད་ཀྱི་རྒྱུ་རྐྱེན་ཡང་ཡོད། གཅིག་ནས་སྲོལ་རྒྱུན་གྱི་ཤུལ་དུ་ལུས་པའི་གོམས་གཤིས་ངན་པ་དང་འདུ་ཤེས་ཡིན་པ་སྟེ། དཔེར་ན་ཕན་ཚུལ་འགྲོ་འོང་བྱེད་པ་དང་ངོ་སོའི་ལྟ་བ་སོགས་ཡིན་པ་དང་། གཉིས་ནས་ལམ་ལུགས་ཐད་གནད་དོན་དེ་དག་ཚོད་འཛིན་བྱེད་རྒྱུ་འདང་གི་མེད་པས་རེད་ཅེས་གསུངས་འདུག

དེའི་གོང་ལ་ཀྲུང་དབྱང་སྒྲིག་ཞིབ་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་དཔེ་མཚོན་གྱོད་གཞི་དྲུག་བརྡ་ཁྱབ་བྱས་པ་དང་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ལ་རྩ་འཛུགས་དང་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་མ་ཟད་འབྲེལ་ཡོད་འགྲོ་གྲོན་གཏོང་དུ་བཅུག་ཡོད་པ་རེད། ཧུའུ་ནན་དང་ཧོ་ནན། ཀུའེ་ཀྲའུ། ཀན་སུའུ་སོགས་ས་ཁུལ་གྱིས་ཀྱང་སྔ་རྗེས་སུ་བརྡ་ཁྱབ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག