མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷ་གྲུ་བཅུ་པ་རྟགས་ཅན་གྱི་འཇིག་རྟེན་མཁའ་སྐྱོད་པས་བར་སྣང་སློབ་འཁྲིད་་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་བར་སྣང་སློབ་ཁྲིད་བྱེད་སྒོ་ཐེངས་དང་པོ་དེ་སྤྱི་ཟླ6པའི་ཚེས20ཉིན་གྱི་སྔ་དྲོ་ལེགས་འགྲུབ་བྱུང་བ་དང་ལྷ་གྲུ་བཅུ་པ་རྟགས་ཅན་གྱི་འཇིག་རྟེན་མཁའ་སྐྱོད་པས་ཐན་ཀུང་དང་པོ་རྟགས་ཅན་ཐོག་ལྗིད་ཤོར་ཁོར་ཡུག་འོག་གི་མངོན་ཁམས་སྣང་ཚུལ་མངོན་པར་བྱས་ཡོད་པ་རེད། བར་སྣང་སློབ་ཁྲིད་བྱེད་མཁན་གཙོ་བོ་ནི་བུད་མེད་མཁའ་སྐྱོད་པ་ཝང་ཡ་ཕིང་ཡིན་པ་དང་། བརྙས་ཧེའི་ཧྲེང་གིས་ཟུར་ཁྲིད་བྱེད་པ། ཀྲང་ཤའོ་ཀོང་གིས་པར་ལེན་བྱས་ཡོད་པ་རེད། དུས་ཡུན་སྐར་མ40ཙམ་གྱི་སློབ་ཁྲིད་ནང་འཇིག་རྟེན་མཁའ་སྐྱོད་པས་ཚོད་ལྟ་བྱས་རྗེས་ཀྱི་མངོན་ཁམས་གནད་ལུགས་གསལ་འགྲེལ་བྱས་པ་མ་ཟད་བརྙན་མཐོང་བརྒྱུད་ས་ངོས་སུ་ཡོད་པའི་དགེ་སློབ་དང་སྤེལ་རེས་བྱས་ཡོད་པ་རེད།

ས་ངོས་ཀྱི་སློབ་ཁང་དེ་པེ་ཅིན་གྲོང་ཁྱེར་ཧེའི་ཏན་ཁུལ་དུ་ཡོད་པའི་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་ཡིན་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མི330ལྷག་ས་ངོས་ཀྱི་སློབ་ཁྲིད་བྱེད་སྒོའི་ནང་ཞུགས་པ་དང་རྒྱལ་ཡོངས་ཀྱི་སློབ་འབྲིང་ཁྲི8ཙམ་གྱི་དགེ་སློབ་བྱེ་བ6ལྷག་གྱིས་བརྙན་འཕྲིན་ཐད་གཏོང་བརྒྱུད་སློབ་ཁྲིད་བལྟ་ཉན་བྱས་ཡོད་པ་རེད། ཐེངས་འདིའི་བར་སྣང་སློབ་ཁྲིད་བྱེད་སྒོ་དེ་ཀྲུང་གོའི་མི་བླུག་འཇིག་རྟེན་མཁའ་སྐྱོད་ལས་གྲྭ་གཞུང་ལས་ཁང་དང་སློབ་གསོ་པུའུ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། འབྲེལ་ཡོད་རིག་གཅིག་མཁས་པས་བར་སྣང་སློབ་ཁྲིད་བྱེད་སྒོ་ནི་རང་རྒྱལ་གྱི་མི་བླུག་འཇིག་རྟེན་མཁའ་སྐྱོད་ལས་གྲྭའི་ནང་སློབ་གསོའི་རིགས་ཀྱི་བཀོལ་སྤྱོད་ལས་འགན་སྒྲུབ་ཐེངས་དང་པོ་ཡིན་པ་དང་། དེའི་ཐོག་ནས་མི་བླུག་འཇིག་རྟེན་མཁའ་སྐྱོད་ལས་གྲྭས་ཐད་ཀར་རྒྱལ་དམངས་སློབ་གསོར་ཞབས་འདེགས་ཞུ་བའི་འདུ་ཤེས་མངོན་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ནས་ཚན་རིག་ལ་དགའ་ཞེན་དང་འཇིག་རྟེན་མཁའ་སྐྱོད་ལ་དགའ་ཞེན། ལྐོག་འགྱུར་འཚོལ་ཞིབ་བྱེད་པའི་སྤྲོ་སེམས་སྔར་བས་སྐུལ་སློང་ཐུབ་རྒྱུ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག