མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལྷོ་སྣེ་ས་ཁུལ་གྱི་དགུན་ཟླ་འབྲིང་བ་ཚུགས་པའི་དུས་ཆེན་ཐོན་པར་འཚམས་འདྲིའི་གློག་འཕྲིན་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྲུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས21ཉིན་ལྷོ་སྣེ་ས་ཁུལ་གྱི་དགུན་ཟླ་འབྲིང་བ་ཚུགས་པའི་དུས་ཆེན་ཐོན་པའི་ཐད་ནས་ཀྲུང་གོ་ལྷོ་སྣེ་ལྕགས་རི་ས་ཚིགས་དང་། ཀྲུང་ཧྲན་ས་ཚིགས། རྒྱལ་ཁབ་ཁག་གི་ལྷོ་སྣེ་རྟོག་ཞིབ་ས་ཚིགས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

 ཞི་ཅིན་ཕེན་གྱིས་འཚམས་འདྲིའི་གློག་འཕྲིན་ལས། ལྷོ་སྣེའི་དགུན་ཟླ་འབྲིང་བ་ཚུགས་པའི་དུས་ཆེན་ཐོན་པའི་སྐབས་འདིར། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པ་དང་། ང་རང་ཉིད་ཀྱི་ངོས་ནས། ལྷོ་སྣེ་ས་ཁུལ་གྱི་དགུན་ཟླའི་མཚན་མོ་རིང་བའི་ཁྲོད་ལས་ལ་བརྩོན་བཞིན་པའི་ཀྲུང་གོའི་ལྷོ་སྣེ་ལྕགས་རི་ས་ཚིགས་དང་ཀྲུང་ཧྲན་ས་ཚིགས་ཀྱི་རྟོག་ཞིབ་པ་ཡོངས་དང་། ལྷོ་སྣེ་ས་ཁུལ་དུ་བྱ་བ་བསྒྲུབ་བཞིན་པའི་རྒྱལ་ཁབ་ཁག་གི་ཚན་རིག་པ་དང་བཟོ་སྐྲུན་ལག་རྩལ་པ་བཅས་ལ་སྙིང་ཐག་པ་ནས་ཁམས་འདྲི་དང་། དགུན་ཟླ་འབྲིང་བ་ཚུགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞེས་གསུངས།

ཞི་ཅིན་ཕེན་གྱིས་ངོ་ལོ་བརྒྱ་ཕྲག་འགའི་རིང་ལ། མིའི་རིགས་ཀྱིས་ལྷོ་སྣེ་གླིང་ངོས་འཛིན་པའི་གོ་རིམ་དེ་ཉེན་དཔྱད་དུས་སྐབས་ནས་ཚན་རིག་རྟོག་ཞིབ་དུས་སྐབས་ཀྱི་ལོ་ཟླ་རིང་མོ་བརྒྱུད། ཚན་རིག་ལག་རྩལ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་བསྟུན་ནས། རྒྱལ་ཁབ་མང་པོའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཁ་བ་བུ་ཡུག་གདོང་གིས་བསུས་པ་ཤིང་། ཞུམ་པ་མེད་པའི་ངར་ཤུགས་ལ་བརྟེན་ནས་ཁྱད་མཚར་གྱིས་ཁེངས་པའི་སྐམ་ས་ཆེན་མོ་འདིའི་སྟེང་དུ་ཚན་རིག་རྟོག་ཞིབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་ཏེ། ཆུ་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་མང་པོ་བླངས། ཚན་རིག་རྟོག་ཞིབ་ལག་ལེན་ལས། ལྷོ་སྣེ་ས་ཁུལ་དེ་མིའི་རིགས་སྤྱི་ཚོགས་ཀྱི་ཤེས་རིག་དང་རྒྱང་དུ་བྲལ་བའི་གསང་བ་ལྐོག་གྱུར་གྱི་འཁྱག་པའི་འཇིག་རྟེན་ཞིག་མིན་པ་ར་སྤྲོད་བྱུང་བ་དང་། ལྷོ་སྣེ་ས་ཁུལ་གྱིས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་བར་ཁ་གཏད་འཇལ་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་གོང་དུ་སྤེལ་བ་སོགས་ཀྱི་ཕྱོགས་ལ་ནུས་པ་ཆེན་པོ་ཐོན་པ་དང་། ཀུན་ཀྱིས་གནས་དེ་གཞི་ནས་ངོས་ཟིན་ནས། ང་ཚོ་དང་འབྲལ་ཐབས་མེད་པའི་ས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱ་མཚོ་དང་ལྷོ་སྣེ་ས་ཁུལ་གྱི་རྟོག་ཞིབ་དང་སའི་གོ་ལའི་ཚན་རིག་གསང་བ་འཚོལ་ཞིབ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས།

འཚམས་འདྲིས་གློག་འཕྲིན་ལས་ཀྲུང་གོའི་ལྷོ་སྣེ་ས་ཁུལ་གྱི་རྟོག་ཞིབ་བྱ་བ་དེ་ལོ་ངོ30ཙམ་འདས་བ་དང་། ཀྲུང་གོའི་ལྷོ་སྣེ་ས་ཁུལ་གྱི་རྟོག་བྱ་བ་སྒྲུབ་མཁན་གྱིས་རྒྱལ་ཁབ་ཁག་གི་ལྷོ་སྣེ་ས་ཁུལ་དུ་བྱ་བ་སྒྲུབ་མཁན་དང་ལྷན་དུ་མཉམ་ལས་བྱས་ཏེ། ཚན་རིག་གི་རིན་ཐང་ཆེན་པོ་ལྡན་པའི་གྲུབ་འབྲས་མང་པོ་བླངས་ཏེ། མིའི་རིགས་ཀྱིས་ལྷོ་སྣེ་ངོས་འཛིན་པར་མཐུན་རྐྱེན་བསྐྲུན་ཞེས་གསུངས་བར་མ་ཟད། རེ་བ་ལ་ཚང་མས་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་དང་། མཉམ་དུ་འབད་འབུངས་བྱས་ཏེ། མིའི་རིགས་ཀྱིས་ལྷོ་སྣེ་ས་ཁུལ་ཞི་བའི་སྒོ་ནས་བེད་སྤྱོད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་། མཐར་ཚང་མའི་ལུས་ཁམས་བདེ་ཞིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག