མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་མགོ་ཁྲིད་རྣམས་ལ་གླེང་མོལ་བྱེད་སྐབས་ཏང་གི་རྗེས་སུ་དམ་དུ་འབྲངས་ཏེ་དུས་རབས་དང་ན་གཞོན་གྱི་སྔོན་གྲལ་དུ་བསྐྱོད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་ཁྲོད་མུ་མཐུད་འོད་སྟོང་འབར་བའི་གྲུབ་འབྲས་ལེན་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:32

111.jpg

  སྤྱི་ཟླ6པའི་ཚེས20ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིག་ཡུན་ཧྲན་སོགས་ཀྱིས་ཀྲུང་ནན་ཧེ་ནས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་མགོ་ཁྲིད་རྣམས་ལ་གླེང་མོལ་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས20ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་མགོ་ཁྲིད་རྣམས་ལ་གླེང་མོལ་བྱེད་སྐབས་གཏམ་བཤད་གལ་ཆེན་གནང་ནས། རྒྱ་ཆེའི་ན་གཞོན་གྱི་ཚབ་བྱེད་པ་དང་། རྒྱ་ཆེའི་ན་གཞོན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། རྒྱ་ཆེའི་ན་གཞོན་ལ་བརྟེན་པ་བཅས་ནི་ང་ཚོའི་ཏང་རྒྱལ་ཁའི་ལམ་ནས་རྒྱལ་ཁའི་ལམ་དུ་བསྐྱོད་པའི་ཁག་ཐེག་གལ་ཆེན་ཡིན། གུང་གཞོན་ཚོགས་པས་ཏང་གི་རྗེས་སུ་དམ་དུ་འབྲངས་ཏེ་དུས་རབས་དང་ན་གཞོན་གྱི་སྔོན་གྲལ་དུ་བསྐྱོད་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་དུ་དམིགས་ཏེ་བྱ་བའི་མགོ་རྩོམ་ས་དང་གཞི་འཛུགས་ས། ཤུགས་སྣོན་ས་བཅས་ཡང་དག་པར་འཚོལ་བ་དང་། རྒྱ་ཆེའི་ན་གཞོན་གྱི་ནུས་པ་གཙོ་བོ་བཟང་བོར་བཏོན་ཞིང་། རྒྱ་ཆེའི་ན་གཞོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་ཁྲོད་མུ་མཐུད་དུ་འོད་སྟོང་འབར་བའི་གྲུབ་འབྲས་ལེན་དགོས་ཞེས་ནན་གྱིས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གླེང་མོལ་ལ་ཞུགས།

  གུང་གཞོན་ཚོགས་པ་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཆིན་དབྱི་ཀྲི་ཡིས་གུང་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པའི་གནས་ཚུལ་ཡར་ཞུ་བྱས། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧི་ཅུན་ཁི་དང་ལོ་མཱེ། ཝང་ཧུང་ཡན། ཀྲིག་ཁྲང་ཁོས། ཞུའུ་ཞའོ། ཧྥུའུ་ཀྲིན་པང་བཅས་ཀྱིས་སོ་སོར་གཏམ་བཤད། ཞི་ཅིན་ཕེན་གྱིས་ཚང་མས་གཏམ་བཤད་པར་ནན་གྱིས་ཉན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་དྲིས།

  ཚང་མས་གཏམ་བཤད་ཚར་རྗེས། ཞི་ཅིན་ཕེན་གྱིས་གཏམ་བཤད་གལ་ཆེན་གནང་། ཁོས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་བདམས་པར་རྟེན་འབྲེལ་ཞུས། ཁོས་ཏང་ཀྲུང་དབྱང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་ལ་རེ་བ་ནན་མོ་བཅངས་ཡོད། ཁྱེད་ཚོས་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་། སྣེ་ཁྲིད་དེ་དངོས་སྒྲུབ་དངོས་གཉེར། སྣེ་ཁྲིད་དེ་རང་གཅུན་ནན་མོ། སྣེ་ཁྲིད་དེ་ན་གཞོན་ལ་འབྲེལ་འདྲིས་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཆེན་པོ་ཡིན་ལ། ཀྲུང་གོ་ན་གཞོན་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡང་ཡིན། གུང་གཞོན་ཚོགས་པའི་བྱ་བས་རྩ་བའི་གནད་དོན་འདི་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་དགོས་པ་དང་། ཏང་གིས་སྲིད་འཛིན་པའི་ན་གཞོན་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་རུ་བརྩི་དགོས་ལ། དཀྱིལ་སྙིང་ལ་དམ་དུ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དེ་བྱ་བའི་ཐབས་ལམ་གཙོ་བོར་བརྩི་དགོས་ཟེར།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གུང་གཞོན་ཚོགས་པས་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཕུགས་བསམ་ཆེན་པོ་བཅངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པའི་མི་ཚེའི་དམ་བཅའ་ཇེ་བརྟན་དུ་གཏོང་བར་ཧུར་ཐག་གིས་རོགས་རམ་བྱེད་དགོས་ལ། ཚན་རིག་གི་རིགས་གཞུང་གིས་ན་གཞོན་གྱི་ཤེས་རྒྱ་བསྐྱེད་པ་དང་། ལོ་རྒྱུས་ཀྱི་མིག་རྒྱས་ན་གཞོན་གྱི་བློ་སྒོ་ཕྱེས་པ། རླབས་ཆེན་གྱི་དམིགས་འབེན་གྱིས་ན་གཞོན་ལ་འབོད་བརྡ་གཏོང་བ། འོད་སྟོང་གི་མ་འོངས་པས་ན་གཞོན་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཁོ་ཚོའི་བགྲོད་ལམ་གྱི་ཡིད་ཆེས་དང་རིགས་གཞུང་གི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ལ། ཁོ་ཚོས་ཏང་ལ་བཅངས་པའི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

  ལིས་ཡོན་ཁྲའོ་ཡིས་གླེང་མོལ་ལ་མགོ་འཛིན་བྱས། ལིག་ཆི་པའོ་དང་ཀྲའོ་ལི་ཅི། ལིས་ཀྲན་ཧྲུའུ། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན་བཅས་གླེང་མོལ་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག