སྤྱི་ཟླ6པའི་ཚེས20ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ6པའི་ཚེས20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཡོ་ནན་རྒྱལ་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཀྲུང་གོ་དང་ཡོ་ནན་མཛའ་མཐུན་ཚན་ཆུང་གི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་འཐུས་མི་དང་ན་གཞོན་གྲོས་མི་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་འགྲོ་བར་སྐུལ་མ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཕྱོགས་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དེ་དཔྱད་གཞིར་བཟུང་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ཀྲང་ཅིན་ཁྲོང་གིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་རྒྱལ་ཚོགས་དང་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ཇེ་མང་དུ་བཏང་ནས། ཡོ་ནན་དང་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ངེས་ཡིན་ཟེར། །