ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་སྤྱི་ཟླ6པའི་ཚེས17ཉིན་ནི་རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་ཐན་ཉུང་ཉིན་མོ་དང་པོ་དེ་ཡིན་པ་རེད། ཐན་ཉུང་ཞེས་པ་དེ་ནི་ཡང་གཉིས་ཐན་འགྱུར་སོགས་འབུད་བཤངས་བྱེད་ཚད་ཉུང་བར་ཟེར་གྱི་ཡོད་པ་རེད།
རང་རྒྱལ་གྱི་རྡོ་སོལ་མཛད་སྤྱོད་བྱེད་ཚད་དང་དེ་ལས་འབུད་བཤངས་བྱས་པའི་སྦགས་བཙོག་དངོས་པོ་ཤུགས་ཆེན་པོ་ཡོད་པ་སྟེ། ན་ནིང་རང་རྒྱལ་གྱི་རྡོ་སོལ་མཛད་སྤྱོད་བྱེད་ཚད་དེས་འཛམ་གླིང་གི་རྡོ་སོལ་མཛད་སྤྱོད་བྱེད་ཚད་ཀྱི45%ཟིན་གྱི་ཡོད་པ་དང་། རྡོ་སོལ་ནང་འདྲེན་བྱེད་ཚད་ཏུན་དུང་ཕྱུར2.7ཟིན་གྱི་ཡོད་པས། འཛམ་གླིང་ཐོག་རྡོ་སོལ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ལ་གྱུར་ཡོད་པ་རེད།
རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞེ་ཀྲེན་ཧྭ་ཡིས། ཐན་ཉུང་འཚོ་བ་ཞེས་པ་དེ་ནི་མི་རྣམས་ཀྱིས་ཟས་གོས་སྡོད་གསུམ་དང་འགྲོ་སྐྱོད་ཁྲོད་ནུས་པའི་འབྱུང་ཁུངས་ཟད་གྲོན་དང་། ཐོན་ཁུངས་ཟད་གྲོན། ཐན་འབུད་བཤངས་བཅས་ཉུང་དུ་གཏོང་གང་ཐུབ་བྱེད་པའི་འཚོ་བའི་རྣམ་པར་ཟེར་གྱི་ཡོད། དེ་ནི་གཙོ་བོ་གྲོན་ཆུང་བྱེད་པ་དང་གད་སྙིགས་ཚུར་བསྡུས་ནས་སླར་ཡང་བེད་སྤྱོད་བྱེད་པར་བརྟེན་ནས་འཚོ་བའི་རྣམ་པར་འགྱུར་ལྡོག་བཏང་སྟེ། ཐན་འབུད་བཤངས་ཉུང་དུ་གཏོང་གི་ཡོད། ཐན་ཉུང་བའི་འཚོ་བ་ནི་མི་སྒེར་གྱི་འཚོ་བའི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་མངོན་གྱི་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་རང་ཉིད་ནས་འགོ་བཙུགས་ཏེ། རང་ཉིད་ཀྱི་ཟས་གོས་སྡོད་གསུམ་དང་འགྲོ་སྐྱོད་ཁྲོད་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་དང་མཛད་སྤྱོད་བྱ་ཐབས་ལ་འགྱུར་བ་བཏང་ནས། ཐན་འབུད་བཤངས་ཉུང་བའི་འཚོ་བའི་གོམས་གཤིས་ཆགས་པ་བྱེད་དགོས། ནུས་རྒྱུ་གྲོན་ཆུང་གློག་བཞུར་དཔེ་བཞག་ན། ཝ11ཡིན་པའི་ནུས་རྒྱུ་གྲོན་ཆུང་གི་གློག་བཞུ་དང་ཝ40ཡིན་པའི་གློག་བཞུ་བརྗེས་ཚེ། གློག་འོད་གསལ་པོ་ཡོད་ཚད་གཅིག་པ་ཡིན་པ་དང་། གློག་བཞུ་གཅིག་གིས་ལོ་གཅིག་ལ་གློག་ཆན་ཝ34གྲོན་ཆུང་ཐུབ་ཀྱི་ཡོད། དེས་གློག་རིན་སྒོར17གྲོན་ཆུང་ཐུབ་ཀྱི་ཡོད། རང་རྒྱལ་དུ་བེད་སྤྱོད་བྱེད་བཞིན་པའི་གློག་བཞུ་དུང་ཕྱུར14ཙམ་ཡོད་པ་དང་། གལ་སྲིད་ཚང་མ་ནུས་རྒྱུ་གྲོན་ཆུང་གི་གློག་བཞུ་བརྗེས་ཚེ། ལོ་གཅིག་ལ་གློག་ཆན་ཝ་དུང་ཕྱུར480གྲོང་ཆུང་ཐུབ་ཀྱི་ཡོད་པ་རེད། །