མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལྷའི་ཕོ་བྲང་དང་པོ་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་ཚན་ཞིབ་ཚོད་ལྟར་ཞུགས་པའི་ལས་ཁུངས་ཀྱི་འཐུབ་མིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:34


       ཟླ6པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ནས་ལྷ་གྲུ་བཅུ་རྟགས་ཅན་གྱི་འཕུར་གྲུ་བར་སྣང་ལ་གཏོང་བའི་གནས་ཚུལ་ལ་གཟིགས། འདི་ནི་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་རྗེས། ཞི་ཅིན་ཕེན་གྱིས་ཐེངས་འདིའི་འགན་གྱི་ཚན་ཞིབ་དང་ཚོད་ལྟར་ཞུགས་པའི་ལས་ཁུངས་ཀྱི་འཐུས་ཚབ་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ6པའི་ཚེས11ཉིན་གྱི་དགོང་མོར་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ནས་ལྷའི་ཕོ་བྲང་དང་པོ་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་ཚན་ཞིབ་ཚོད་ལྟར་ཞུགས་པའི་ལས་ཁུངས་ཀྱི་འཐུས་མིར་མཇལ་འཕྲད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བར་སྤྲོ་སེམས་འཕེལ་བས་རྟེན་འབྲེལ་ཞུས་པ་དང་། ཐེངས་འདིའི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་དུ་ཞུགས་པའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཁམས་འདྲི་ཞུས།

དུས་ཚོད་བཅུ་དགུ་དང་སྐར་མ་སུམ་ཅུ་ཡས་མས་སུ། ཞི་ཅིན་ཕེན་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ཀྱི་ཏུང་ཧྥུན་ལུས་རྩལ་ཁང་དུ་ཕེབས་ཏེ། ལྷའི་ཕོ་བྲང་དང་པོ་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་འཕུར་གཏོང་ལས་འགན་གྱི་ཚན་ཞིབ་དང་ཚོད་ལྟར་ཞུགས་པའི་འཐུས་མིར་བྱམས་བརྩེ་ངང་ཕྱག་འཇུ་གནང་བར་མ་ཟད། ཚང་མ་དང་ལྷན་དུ་པར་བླངས།

སྤྲོ་སེམས་འཕེལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་དེ་རིང་བདེ་བླག་ངང་བར་སྣང་དུ་བཏང་ནས། ནོར་བ་མེད་པར་འཕུར་ལམ་དུ་ཞུགས་པ་དེ་ལས། རང་རྒྱལ་གྱི་ཐེངས་ལྔ་བའི་མི་སྡོད་འཕུར་གྲུའི་འཕུར་སྐྱོད་ལས་འགན་ཐོག་མ་མཇུག་སྒྲིལ། སྐབས་འདིར། ང་ཡང་ཚང་མ་དང་འདྲ་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་བསྟན།

ཞི་ཅིན་ཕེན་གྱིས་མཁའ་སྐྱོད་ལས་དོན་གོང་དུ་སྤེལ་བ་དང་། མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་རྒྱུ་ནི་ང་ཚོས་དོན་དུ་གཉེར་བའི་མཁའ་སྐྱོད་ཀྱི་མོས་འདུན་རེད། ཏང་ཀྲུང་དབྱང་གིས་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་འཐབ་ཇུས་ཇུས་ཚོད་འགངས་ཆེན་ལག་ལེན་དུ་བསྟར་བའི་ཚུན་ལ། མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཡིད་ལ་བཅངས་ཏེ། དཀའ་སྤྱད་འབད་བརྩོན་དང་། དཔའ་ངར་ཞུམ་མེད། གསར་སྤེལ་བརྩོན་ལེན་བྱས་ཏེ། ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས། བློ་མཐུན་རྣམས་ཀྱིས་མེས་རྒྱལ་གྱི་མཁའ་སྐྱོད་ལས་དོན་ཐད་མཛད་རྗེས་ཁྱད་དུ་འཕགས་པ་བསྐྲུན་པ་དེ། ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་བསྟན་པར་མ་ཟད། རེ་བ་ལ་བློ་མཐུན་རྣམས་ཀྱིས་ཉམས་མྱོང་སྤྱི་སྡོམ་དང་། ཡང་འབད་བསྐྱར་འབད་བྱས་ཏེ། རྗེས་སྒྲུབ་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་། ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་གསུངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག