མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མཁའ་སྐྱོད་པ་ཐེངས་དང་པོར་ཕྱི་ཕྱོགས་ལ་གདོང་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-12 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མི་བླུག་འཕུར་སྐྱོད་ལས་འགན་སྒྲུབ་པར་བསྐྱོད་རྩིས་ཡོད་པའི་མཁའ་འགྲུལ་པ་ཉད་ཧའི་ཧྲེང་དང་ཀྲང་ཤའོ་ཀོང་། ཝང་ཡ་ཕིང་བཅས་ཀྱིས་སྤྱི་ཟླ6པའི་ཚེས10ཉིན་གྱི་ཕྱི་དྲོ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ལ་སྐོང་ཚོགས་བྱས་པའི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུའི་ཐོག་ཐེངས་དང་པོ་ཞུགས་པ་མ་ཟད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་ཡོད་པ་རེད།

ད་ཐེངས་ཀྱི་ལས་འགན་ཁྲོད་ལོ་ན48ལ་སླེབས་པའི་ཧྲའོ་ཅང་དམག་དཔོན་ཉད་ཧའི་ཧྲེང་གིས་བཀོད་འདོམས་པའི་འགན་ཁུར་བ་དང་། དུས་མཚུངས་སུ་ལག་པའི་ཚོད་འཛིན་འབྲེལ་མཐུད་བཀོལ་སྤྱོད་ཀྱི་འགན་ཁུར་ཡོད་པ། ལོ་ན47ལ་སླེབས་པའི་ཀྲང་ཤའོ་ཀོང་གིས་བཀོད་འདོམས་པའི་ལས་རོགས་ཀྱི་འགན་ཁུར་བ་དང་། བཀོད་འདོམས་པ་དང་གཞོགས་འདེགས་བྱས་ནས་འཕུར་གྲུ་གཏོང་བ་དང་ལག་པའི་ཚོད་འཛིན་འབྲེལ་མཐུད། འཕུར་གྲུ་ཕྱིར་འཐེན་སོགས་ཀྱི་ལས་འགན་ཁུར་ཡོད་པ་མ་ཟད་བར་སྣང་ཁམས་ཀྱི་སློབ་ཁྲིད་བྱེད་སྒོའི་པར་ལེན་པའི་འགན་ཁུར་ཡོད་པ། ལོ་ན33ལ་སླེབས་པའི་བུད་མེད་མཁའ་འགྲུལ་པ་ཝང་ཡ་ཕིང་གིས་འཕུར་གྲུའི་གནས་ཚུལ་ལ་བལྟ་སྐུལ་དང་། བར་སྣང་ཁམས་ཀྱི་ཚོད་ལྟ། སྒྲིག་བཀོད་ཀྱི་བཀོད་སྤྱོད་དང་ཚོད་འཛིན། འཕུར་སྐྱོད་པའི་འཚོ་བའི་བལྟ་རྟོག་བཅས་འགན་ཁུར་ཡོད་པ་མ་ཟད་བར་སྣང་ཁམས་ཀྱི་སློབ་ཁྲིད་བྱེད་མཁན་གཙོ་བོའི་འགན་ཁུར་ཡོད་པ་རེད། ལོ8གོང་དུ་ལྷ་གྲུ་དྲུག་པ་རྟགས་ཅན་ནང་ཞུགས་ནས་བར་སྣང་ཁམས་ལ་རྒྱང་སྐྱོད་བྱེད་མྱོང་ཡོད་པའི་ཉད་ཧའི་ཧྲེང་གིས། ལྷ་གྲུ་དྲུག་པ་རྟགས་ཅན་གྱི་འཕུར་སྐྱོད་ལེགས་གྲུབ་ཟིན་རྗེས་ཁོང་གིས་དུས་དང་རྣམ་པ་ཀུན་དུ་ཡང་བསྐྱར་བར་སྣང་ཁམས་ལ་རྒྱང་སྐྱོད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། དམག་དཔོན་ཡིན་ན་ཡང་འདྲ་དམག་མི་དཀྱུས་མ་ཡིན་ན་ཡང་འདྲ་ཚང་མ་ལས་འགན་གྱིས་གཟི་བརྗིད་ལྡན་པར་འགྱུར་བ་དང་། མེས་རྒྱལ་དང་མི་དམངས་ལ་དགོས་པ་ཡོད་ཚེ། བཀའ་རྒྱ་བཏང་མ་ཐག་ང་ཚོས་འགྱོད་པ་སྤུ་ཙམ་མེད་པར་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་སྲིད་ཅེས་བཤད་ཡོད་པ་རེད།

བར་སྣང་ཁམས་ལ་འཕུར་རྒྱུའི་ཕུགས་འདུན་ཆེད་ལོ15རེ་སྒུག་བྱས་པ་དང་ཐེངས་དང་པོར་འཕུར་སྐྱོད་པར་བདམས་ཐོན་བྱུང་བའི་ཀྲང་ཤཱའོ་ཀོང་གིས་གསར་འགོད་པ་དང་མཉམ་དུ་ཁོང་གི་ཕུགས་འདུན་གྱི་བལྟ་སྟངས་མཉམ་སྤྱོད་བྱས་ཡོད་པ་དེ་ཡང་། ལོ་བཅུ་གྲངས་རིང་གི་ཕུགས་འདུན་བརྩོན་ལེན་བྱེད་པའི་རྒྱུད་རིམ་ནང་གྲུབ་འབྲས་དང་སྤྲོ་སྣང་ཡོད་ལ། དཀའ་ངལ་དང་བར་ཆད་ཀྱང་འཕྲད་བྱུང་། ང་རང་ལ་མི་ཚེའི་ལམ་བུའི་ཐོག་གི་བྱ་བར་དཀའ་ཚེག་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་དང་། ཁོང་གིས། དུས་རབས་ཀྱིས་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྒྱ་ཆེ་བའི་གར་སྟེགས་སྐྲུན་ཡོད། འོན་ཀྱང་གོ་སྐབས་ནི་ནམ་ཡང་བློས་གཏོང་མ་བྱེད་མཁན་གྱི་མི་ལ་དབང་བ་དང་། སྔ་ཕྱི་བར་གསུམ་དུ་བློ་བག་ཡངས་པའི་སེམས་དང་། སྙིང་རུས་རྒྱུན་འཁོངས། ཏན་ཏན་ཏིག་བཅས་རྒྱུན་འཁོངས་བྱས་ན་གཞི་ནས་མི་སྒེར་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ་ཅེས་བཤད་ཡོད་པ་རེད།

ཝང་ཡ་ཕིང་གིས། ལྷ་གྲུ་བཅུ་པ་རྟགས་ཅན་གྱི་འཕུར་སྐྱོད་ཁྲོད་བར་སྣང་ཁམས་ཀྱི་སློབ་ཁྲིད་བྱེད་རྒྱུ་དེ་རང་རྒྱལ་གྱི་བར་སྣང་ཁམས་ཀྱི་ཚན་རིག་ཁྱབ་འདལ་སློབ་གསོའི་བྱེད་སྒོ་ཐོག་མ་དེ་ཡིན་པ་དང་། གནམ་སའི་སྤེལ་རེས་བརྒྱུད་ཡ་མཚན་ཆེ་བའི་དངོས་ཁམས་རྣམ་པ་འགྲེམ་སྟོན་བྱེད་རྒྱུ་རེད་ཅེས་བཤད་ཡོད། ཁོང་གིས་ཚང་མ་དང་བར་སྣང་ཁམས་ཀྱི་སློབ་ཁྲིད་ནང་མཇལ་འཛོམས་ཞུ་རྒྱུ་ཡིན་པ་དང་། རྒྱ་ཆེ་བའི་འཇིག་རྟེན་གྱི་མདུན་དུ་ང་ཚོ་ཚང་མ་སློབ་ཕྲུག་རེད། ངས་ཀྱང་རྒྱ་ཆེའི་གཞོན་ནུ་གྲོགས་པོ་རྣམས་དང་མཉམ་དུ་ཡ་མཚན་ཅན་གྱི་བར་སྣང་ཁམས་ལ་ཤེས་རྟོགས་དང་འཚོལ་ཞིབ་བྱས་ནས་ཤེས་བྱ་དང་སྤྲོ་སྣང་འཕེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག