མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་ཀྱིས་ཏན་མག་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏན་མག་གྲོས་ཁང་གིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ6པའི་ཚེས4ཉིན་ནས་ཚེས7ཉིན་བར་ཏན་མག་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་དེ། ཀི་པུན་ཧ་ཀུན་ནས་ཏན་མག་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཧྥེས་ཐི་ལེ་དང་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་སྨིས་ཐི་གཉིས་ལ་སོ་སོར་མཇལ་འཕྲད་གནང་བ་དང་། གྲོས་དཔོན་ལུའུ་ཁི་ཐོ་ཧྥུའུ་ཐི་དང་གྲོས་མོལ་མཛད།

ཧྥེས་ཐི་ལེ་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་མོ་དང་སྐུ་ཞབས། ཏན་མག་རྒྱལ་བོ་ཚང་བཅས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཏན་མག་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་པར་གཟེངས་བསྟོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཏན་མག་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཏན་མག་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐོ་ཉིན་ཧྲི་སྨིས་ཐི་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཏན་མག་ནི་ཀྲུང་གོ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་ཆེས་སྔ་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་གི་གཅིག་ཡིན་ལ། དུས་ཡུན་རིང་བོའི་ཚུན་ལ་ཀྲུང་གོ་དང་ཏན་མག་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏན་མག་ཕྱོགས་ཀྱིས་ཀྲུང་གོ་གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་ལྟ་ཞིབ་པ་ཞིག་ཏུ་འགྱུར་བར་རོགས་སྐྱོར་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོའི་ཉི་འོད་ནུས་པའི་ཐོན་རྫས་ལ་ཕམ་ཚོང་རྟོག་ཞིབ་བྱེད་པར་ངོ་རྒོལ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཏན་མག་ཕྱོགས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་མུ་མཐུད་དུ་ཀྲུང་གོར་རྒྱབ་སྐྱོར་བྱེད་པར་རེ་བ་བཏོན།

ལུའུ་ཁི་ཐོ་ཧྥུའུ་ཐི་དང་གྲོས་མོལ་མཛད་སྐབས་ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཁྲི་དང་ནུས་པ་བཅས་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏན་མག་གྲོས་ཁང་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པ། མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཏན་མག་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག