མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨ་མེ་རི་ཁའི་དུས་རབས་ཧྭ་ན་སྡེ་ཚོགས་ཀྱི་འགན་ཁུར་བ་དང་ཕྱི་རྒྱལ་ཀྱི་སྔོན་ཆད་ཀྱི་མགོ་གཙོ། འཛམ་གླིང་གི་སྟོབས་ལྡན་ཁེ་ལས500ཡི་འགན་ཁུར་བ་བཅས་ལ་སོ་སོར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་ཀའོ་ལིས་ཀྱིས་སྤྱི་ཟླ6པའི་ཚེས6ཉིན་ཁྲིན་ཏུའུ་ནས2013ལོའི་ཁྲིན་ཏུའུ་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ལ་ཞུགས་པའི་ཨ་མེ་རི་ཁའི་དུས་རབས་ཧྭ་ན་སྡེ་ཚོགས་ཀྱི་འགན་ཁུར་བ་དང་ཕྱི་རྒྱལ་ཀྱི་སྔོན་ཆད་ཀྱི་མགོ་གཙོ། འཛམ་གླིང་གི་སྟོབས་ལྡན་ཁེ་ལས500ཡི་འགན་ཁུར་བ་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ཨ་མེ་རི་ཁའི་དུས་རབས་ཧྭ་ན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཞོར་དུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མཁན་པིས་ཁི་སི་དང་མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། དུས་རབས་ཧྭ་ན་སྡེ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། འཛམ་གླིང་གིས་ཀྲུང་གོར་རྒྱུས་ལོན་བྱེད་པ་དང་། ཀྲུང་གོས་འཛམ་གླིང་ལ་རྒྱུས་ལོན་བྱེད་པར་གོ་སྐབས་བཟང་བོ་འདོན་སྤྲོད་བྱས་པར་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་བར་གྱི་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་པར་མཐུན་རྐྱེན་བཟང་བོ་བསྐྲུན་ཡོད་ཟེར།

དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལེ་ཨར་སོགས་ཕྱི་རྒྱལ་གྱི་སྔོན་ཆད་ཀྱི་མགོ་གཙོ་དང་ཆེད་མཁས་པ་གྲགས་ཅན་ལ་མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལིས་ཀྱིས་ཁྱེད་རྣམ་པས་ཤུགས་རྐྱེན་བཟང་བོ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་བར་གྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་འབད་བརྩོན་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན།

འཛམ་གླིང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་འགན་ཁུར་བར་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་འཕེལ་རྒྱས་ལ་ཆ་རྐྱེན་བཟང་བོ་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར། ཁོས་ཁེ་ལས་བ་རྣམ་པས་ཁེ་ལས་རང་གི་ཁྱད་སྟོབས་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་། ཀྲུང་གོ་ནས་མ་དངུལ་གཏོང་བ་དང་ཉོ་ཚོང་མཉམ་ལས་བྱེད་རྒྱུ་མུ་མཐུད་དུ་རྒྱ་བསྐྱེད་དེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག