མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་ལྕགས་ལམ་གྱིས་ཟོག་འདྲེན་སྒྲིག་འཛུགས་བསྒྱུར་བཅོས་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྕགས་ལམ་པུའུ་དེ་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིར་བསྒྱུར་ཏེ་ཟླ་བ3ཙམ་སོང་བ་དང་། ཀྲུང་གོའི་ལྕགས་ལམ་གྱིས་གཞི་ནས་ངོ་བོའི་རང་བཞིན་གྱི་འཆར་གཞི་ནས་ཁྲོམ་རྭར་བསྒྱུར་བའི་བསྒྱུར་བཅོས་བྱ་ཐབས་སྟེ། ཟོག་འདྲེན་སྒྲིག་འཛུགས་བསྒྱུར་བཅོས་བྱ་ཐབས་བཏོན་ཡོད་པ་རེད།

ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྤྱི་ཟླ6པའི་ཚེས6ཉིན། བསྒྱུར་བཅོས་དེ་སྤྱི་ཟླ6པའི་ཚེས15ཉིན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་པ་དང་། བསྒྱུར་བཅོས་ཀྱི་དམིགས་ཡུལ་ནི། ལྕགས་ལམ་གྱི་ཟོག་འདྲེན་ཞབས་ཞུར་རྩ་བ་ནས་ལེགས་བཅོས་བྱ་རྒྱུ་མ་ཟད། ལྕགས་ལམ་གྱི་ཉིན་ཧྲིལ་པོའི་ཞབས་ཞུ་དང་། ཤུགས་ཆེའི་སྐྱེལ་འདྲེན་ནུས་པ། སྐྱེལ་འདྲེན་གླ་རིན་དམའ་བ་སོགས་ཀྱི་བཟང་ཆར་བརྟེན་ནས། མེ་འཁོར་ཆ་ཚང་གིས་རྒྱུན་སྤྱོད་དངོས་ཟོག་དབོར་འདྲེན་བྱེད་རྒྱུ་དང་། མྱུར་བགྲོད་ལྕགས་ལམ་གྱིས་སྦྲག་བསྐུར་མྱུར་སྐྱེལ་བྱེད་རྒྱུ་བཅས་ཁྱོན་ཡོངས་ནས་དེང་རབས་དངོས་ཟོག་ལས་རིགས་ཀྱི་སྐྱེལ་འདྲེན་འགྲན་རྩོད་ནང་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྐྱེལ་འདྲེན་ཅུད་ཀྱི་ཅུད་ཀྲང་ཁྲེན་ཤན་ཏུང་གིས། ཟོག་འདྲེན་སྒྲིག་འཛུགས་བསྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་ནི། གཅིག་ནི་ཟོག་འདྲེན་ཐོ་འགོད་བྱ་ཐབས་བསྒྱུར་བཅོས་བྱེད་རྒྱུ། འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ཐབས་ལམ་རྒྱ་ཆེར་གཏོང་བ། ཐོ་འགོད་བྱེད་རྒྱུ་རྒྱ་ཆེར་གཏོང་བ། འཕྲལ་མར་བསྒྲུབས་པ་བཅས་བྱེད་རྒྱུ་དང་། གཉིས་ནི། སྐྱེལ་འདྲེན་སྒྲིག་འཛུགས་བྱ་ཐབས་ལ་བསྒྱུར་བཅོས་བྱ་རྒྱུ་དང་། དངོས་ཟོག་བསྐུར་མཁན་གྱི་སྐྱེལ་འདྲེན་དགོས་མཁོར་གཞིགས་ཏེ་སྐྱེལ་འདྲེན་འཆར་གཞི་འདིང་རྒྱུ། གསུམ་ནི། ཟོག་འདྲེན་རིན་པ་བསྡུ་ཐབས་ཚད་ལྡན་བཟོ་རྒྱུ། བཞི་ནི། ལྕགས་ལམ་གྱི་གོ་རིམ་ཆ་ཚང་གི་ཟོག་འདྲེན་ཞབས་ཞུ་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་། ཟོག་འདྲེན་ལམ་ཐིག་ཆ་ཚང་ལ་རིན་པ་བསྡུ་ཐེངས་གཅིག་བྱས་ཏེ། ལྕགས་ལམ་ཟོག་འདྲེན་དེ་དེང་རབས་དངོས་ཟོག་འཁོར་རྒྱུག་ནང་ཞུགས་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ་བཅས་རེད་ཅེས་གསུངས་པ་དང་།

ཁོང་གིས། ལྕགས་ལམ་ཟོག་འདྲེན་གྱིས་གཙོ་བོ་གཤམ་བསལ་ལས་སྒོ་གཉེར་རྒྱུ་ཡིན་པ་སྟེ། གཅིག་ནི་རྡོ་སོལ་དང་། རྡོ་སྣུམ། གཏེར་རྡོ་སོགས་མེ་འཁོར་ཧྲིལ་པོས་སྐྱེལ་འདྲེན་བྱེད་པའི་ལས་སྒོ་དང་། གཉིས་ནི་འཁོར་སྒྲོམ་ཧྲིལ་པོའི་སྐྱེལ་འདྲེན་ལས་སྒོ། གསུམ་ནི། སྦྲག་སྲིད་སྐྱེལ་འདྲེན་དང་། བསྐུར་མ་སྐྱེལ་འདྲེན་གྱི་ཆེད་གཏོང་མེ་འཁོར་ཚུད་པའི་ལྕགས་ལམ་གྱི་དངོས་ཟོག་མྱུར་སྐྱེལ་ཆེད་གཏོང་མེ་འཁོར་གྱི་ལས་སྒོ། བཞི་ནི། དོད་སྒམ་སྐྱེལ་འདྲེན་ལས་སྒོ། ལྔ་ནི། རླངས་འཁོར་དང་། དངོས་ཟོག་ཆེ་རིགས། དེ་བཞིན་འཁྱགས་གཏོང་ཟས་རིགས་སོས་པ་སོགས་སྐྱེལ་འདྲེན་བྱེད་པའི་དམིགས་བསལ་དངོས་ཟོག་སྐྱེལ་འདྲེན་ལས་སྒོ། དྲུག་ནི། དངོས་ཟོག་ཙག་ཙིག་གི་སྐྱེལ་འདྲེན་ལས་སྒོ། བདུན་ནི། མྱུར་བགྲོད་ལྕགས་ལམ་གྱི་མྱུར་སྐྱེལ་ལས་སྒོར་བརྟེན་ནས་གྲོང་ཁྱེར་དང་གྲོང་ཁྱེར་བར་བསྐུར་མ་ཉིན་དེ་རང་དུ་སྐྱེལ་ཟིན་པའམ་ཉིན་གཉིས་པར་སྐྱེལ་ཟིན་པ་བྱེད་རྒྱུ་སོགས་ཀྱི་བསྐུར་མ་ཆུང་ཙག་མྱུར་སྐྱེལ་ཞབས་ཞུ་བཅས་ཚུད་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག