མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་ཁྲིན་ཏུའུ«རྒྱུ་ནོར»འཛམ་གླིང་གླེང་སྟེགས་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:19

01.jpg

  སྤྱི་ཟླ6པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཏི་ཅང་ཁྲིན་ཏུའུ་ནས2013ལོའི་ཁྲིན་ཏུའུ«རྒྱུ་ནོར»འཛམ་གླིང་གླེང་སྟེགས་ཚོགས་མགོ་རྩོམ་པའི་དགོང་ཚིགས་གསོལ་སྟོན་ལ་ཞུགས་ཏེ་གསུང་བཤད་གནང་བ། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ཁྲིན་ཏུའུ«རྒྱུ་ནོར»འཛམ་གླིང་གླེང་སྟེགས་སྤྱི་ཟླ6པའི་ཚེས6ཉིན་ཚོགས་མགོ་བརྩམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཡིག་བསྐུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་།

  ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་ཡིག་ལས། 2013ལོའི་ཁྲིན་ཏུའུ«རྒྱུ་ནོར»འཛམ་གླིང་གླེང་སྟེགས་ཚོགས་མགོ་ཚུགས་པའི་སྐབས་འདིར། ངས་གླེང་སྟེགས་བསྡུས་བར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། འཐུས་མི་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།
ཞི་ཅིན་ཕེན་གྱིས་ད་ལྟའི་འཛམ་གླིང་ནི་རྙོག་འཛིང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་ཕྱོགས་སུ་འཕེལ་གྱིན་ཡོད་པས། རྒྱལ་ཁབ་ཁག་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གྱུར། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་འབྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ཀྱང་ཀྲུང་གོ་དང་འབྲལ་ཐབས་མེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ནི། ཀྲུང་གོ་རིགས་སོ་སོའི་མི་དམངས་ཐུན་མོང་གི་མོས་འདུན་ཡིན། ལག་ལེན་ལས་སྐྱེས་སྟོབས་དང་གསོན་ཤུགས་རྒྱས་ཤིང་། རྒྱུན་ཆད་མེད་པར་འཕེལ་རྒྱས་ཡར་ཐོན་འབྱུང་བཞིན་པའི་ཀྲུང་གོས། རྒྱལ་ཁབ་ཁག་གི་མི་དམངས་ལ་གོ་སྐབས་ཕན་བདེ་སྔར་ལས་མང་པོ་བསྐྲུན་ཐུབ་པ་ར་སྤྲོད་བྱུང་། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་རྒྱུ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན། ང་ཚོས་སྔར་བཞིན་སྤྲོ་བ་ཆེན་པོས་འཛམ་གླིང་ཡོངས་ཀྱི་ཕུལ་བྱུང་ཁེ་ལས་ཀྲུང་གོར་ཡོང་ནས་ལས་རིགས་གཉེར་བ་དང་། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཞུགས་ཏེ། མཉམ་དུ་ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་དགའ་བསུ་ཞུ། ཀྲུང་གོ་སྲིད་གཞུང་གིས་ནམ་རྒྱུན་དང་འདྲ་བར་མཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཞབས་ཕྱི་ལེགས་པོ་བསྒྲུབ་རྒྱུ་ཡིན་ཞེས་བསྟན།

  ཀྲང་གོ་ལིས་ཀྱིས་གསུང་བཤད་གནང་སྐབས། ཀྲུང་གོའི་འབྱུང་འགྱུར་གསར་བ་མངོན་འགྱུར་དང་། མི་དམངས་ཀྱི་རེ་སྒུག་གསར་བ་མངོན་འགྱུར་བྱེད་ཆེད། ང་ཚོས་དུས་རྟག་ཏུ་འཕེལ་རྒྱས་ནི་གནས་ལུགས་མཆོག་ཡིན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་སྤེལ་རྒྱུ་དང་། དཔལ་འབྱོར་འཕར་སྟངས་མྱུར་དུ་སྒྱུར་བ། དཔལ་འབྱོར་གྲུབ་ཚུལ་ཤུགས་ཆེན་གྱིས་ལེགས་སྒྲིག་བྱེད་པ། ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་ཐབས་ཇུས་ལག་བསྟར་བཟང་བོ་བྱས་ཏེ། དབུས་ནུབ་རྒྱུད་ས་ཁུལ་གྱི་གསར་སྤེལ་དང་སྒོ་འབྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། ནམ་མཁའ་གཡའ་དག་ཅིང་། ས་གཞི་སྔོ་ཡིས་ཁེབས་པ། ཆུ་མིག་གཙང་ཞིང་དྭངས་བའི་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་དང་། མང་ཚོགས་ཀྱི་འཚོ་བ་གཙིགས་ཆེན་དུ་བཟུང་སྟེ། མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། བཅོས་སྒྱུར་དང་སྒོ་འབྱེད་ཀྱི་འཚམས་མི་འཇོག་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཚོགས་མགོ་རྩོམ་པའི་དགོང་ཚིགས་གསོལ་སྟོན་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚེ་མེན་ཀྲོ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྟེན་འབྲེལ་ཞུ་ཡིག་ཀློག་འདོན་བྱས་པ་དང་། ཨ་མེ་རི་ཁའི་དུས་རབས་ཧྭ་ན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་གི་ཞོར་དུ་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་ཁུར་བའི་པུས་ཁི་སི་ཡིས་དགའ་བསུའི་ཤིས་ཚིག་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག