མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བདུན་པའི་ཀྲུང་གོའི་མི་རིགས་ཚོང་རྫས་ཀྱི་ཚོང་འདུས་དེ་སྤྱི་ཟླ7པར་འཚོགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-04 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བདུན་པའི་ཀྲུང་གོའི་མི་རིགས་ཚོང་ཟོག་གི་ཚོང་འདུས་དེ་སྤྱི་ཟླ7པའི་ཚེས19ཉིན་ནས་ཚེས21ཉིན་བར་ཧུ་ཧེ་ཧའོ་ཐེ་གྲོང་ཁྱེར་དུ་སྐོང་ཚོགས་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་ཐོན་རྫས་འགྲེམ་སྟོན་དང་། ཉོ་ཚོང་སྤེལ་རེས་ཀྱི་སྟེགས་བུ་སྐྲུན་རྒྱུ་ཡིན་པ་རེད།

སྐབས་དེའི་ཚོང་འདུས་ཀྱི་བརྗོད་བྱ་གཙོ་བོ་ནི་བརྟན་ལྷིང་དར་རྒྱས་དང་། ཞི་མཐུན་གོང་འཕེལ་ཞེས་པ་དེ་ཡིན་པ་དང་། གཙོ་གནད་ཐོག་མི་རིགས་ཚོང་ཟོག་གི་རྒྱལ་སྤྱིའི་འགྲེམ་སྟོན་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཆེད་མངགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཁེ་ལས་ཀྱི་འགྲེམ་སྟོན་ཁུལ་དང་། གྲངས་ཉུང་མི་རིགས་ཀྱི་ཕྱོགས་བསྡུས་འགྲེམ་སྟོན་ཁུལ། ཕྱི་རྒྱལ་གྱི་འགྲེམ་སྟོན་ལ་ཞུགས་མཁན་ཚོགས་པའི་འགྲེམ་སྟོན་ཁུལ་སོགས་བཙུགས་ཡོད་པ་དང་་གཙོ་བོ་གཅིག་བསྡུས་ཐོག་ནས་རང་རྒྱལ་གྱི་མི་རིགས་ཁག་གི་བཟོ་རྩལ་ཐོན་རྫས་དང་བཟའ་རིགས། གྱོན་ཆས། ཡུལ་བསྐོར་རྣམ་གྲངས་སོགས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱས་ནས་མི་རིགས་དཔལ་འབྱོར་གྱི་གོང་འཕེལ་ཆུ་ཚད་གསར་པ་དང་ཚན་རྩལ་གྲུབ་འབྲས་གསར་པ་མངོན་པ་བྱ་རྒྱུ་ཡིན་པ་རེད། གཙོ་གཉེར་བྱེད་མཁན་ཕྱོགས་ནས་ད་དུང་རྒྱལ་སྤྱིའི་རླངས་འཁོར་འགྲེམ་ཚོགས་དང་། འོ་མའི་ལས་རིགས་གོང་འཕེལ་གྱི་རྒྱལ་སྤྱིའི་གླེང་སྟེགས་སོགས་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།

ཀྲུང་གོའི་མི་རིགས་ཚོང་ཟོག་གི་ཚོང་འདུས་དེ་སྤྱི་ལོ2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གསར་སྤེལ་གཞུང་ལས་ཁང་། ཀྲུང་གོ་ཉོ་ཚོང་སྐུལ་འདེད་ཚོགས་པ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་མི་རིགས་ཀྱི་མིང་ཐོག་ནས་གཉེར་བའི་འགྲེམ་ཚོགས་ཐོག་མ་དེ་ཡིན་པ་དང་། མིག་སྔར་ལེགས་གྲུབ་ལྡན་པའི་སྒོ་ནས་སྐབས་དྲུག་གཉེར་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག