མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུས་བརྡ་ཐོ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོར་ལོ་ལེགས་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཞིང་ལས་པུས་བརྡ་ཐོ་བཏང་སྟེ། རིམ་ཁག་ཞིང་ལས་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་འཁྲིད་བློ་མཐུན་གྱི་གལ་ཆེའི་མཆན་འགོད་མཛུབ་སྟོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གནོད་འགོག་ཐོན་འཕར་ཡོང་བ་བྱེད་རྒྱུ་ནས་འགོ་འཛུགས་པ། ལས་ཀའི་སེམས་ཤུགས་སྔར་བས་འཕེལ་བ་བྱེད་པ། བྱ་ཐབས་གང་ལེགས་བཟུང་བ་བཅས་བྱས་ཏེ། སྔ་ཕྱི་བར་གསུམ་དུ་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་ལོ་ཧྲིལ་བོའི་འབྲུ་རིགས་ལ་ལོ་ལེགས་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། མིག་སྔར་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་པའི་ལས་དོན་ཁག་བཞི་བཏོན་ཡོད་པ་སྟེ།

དང་པོ། བཀོད་གཏོང་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་དབྱར་འབྲུར་ལོ་ལེགས་ཡོང་བ་བྱེད་དགོས་པ། ད་ལོ་གྲོ་རྨོ་འདེབས་ཁུལ་ཁག་ཅིག་གི་དབྱར་བསྡུ་ནར་འགྱངས་བཏང་བའི་གནས་ཚུལ་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དབྱར་འབྲུ་བསྡུ་བའི་ཇུས་གཞི་འདིང་དགོས་པ་དང་། ཆ་འཕྲིན་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ལོ་ལེགས་ཡོང་བའི་དུས་ཚོད་མགྱོགས་སུ་བཏང་སྟེ། འབྲུ་རིགས་འཕྲོ་བརླག་མེད་པར་འབྲུ་མཛོད་ནང་འཇུག་ཐུབ་པ་བྱེད་དགོས་པ་དང་། གཉིས་པ། རིགས་དབྱེའི་མཛུབ་འཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་དཔྱིད་འདེབས་ལོ་ཏོག་གི་ཞིང་ནང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། ས་གནས་ཁག་གིས་ལས་ཀའི་གཙོ་གནད་དེ་དུས་མགོའི་གེགས་སེལ་དང་དཔྱིད་འདེབས་འགན་སྲུང་ནས་མིག་སྔའི་ཞིང་ནང་དོ་དམ་ཐོག་བཞག་སྟེ། ལོ་ཏོག་གི་རྒྱུན་ལྡན་སྐྱེ་འཚར་ལ་སྐུལ་འདེད་གཏོང་དགོས་པ། གསུམ་པ། ལྟ་སྐུལ་ཚད་ལེན་དང་སྔོན་བརྡར་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་གནོད་འགོག་གེགས་སེལ་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ། བཞི་པ། ལག་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་འགག་རྩའི་བྱ་ཐབས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ། རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་ས་ཁོངས་དབྱེ་བ་དང་། ལོ་ཏོག་དབྱེ་བའི་ལག་རྩལ་བསམ་འཆར་བཟོ་དགོས་པ་དང་། ཐོན་སྐྱེད་ཁུལ་གཙོ་བོར་ཟབ་འཇུག་བྱེད་པ། གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་བསྐོར་བསྐྱོད་ལག་རྩལ་མཛུབ་འཁྲིད་བྱེད་དགོས་པ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག