མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་བདེ་སྲུང་ཁེ་ལས་ཀྱིས་ཡིད་རྟོན་རུང་བའི་ཁེ་གཉེར་བྱ་རྒྱུ་ཁས་བླངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བདེ་སྲུང་ཟས་རིགས་ཀྱི་ཁྲིམས་འགལ་བཞིར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལས་དོན་སྐོར་གྱི་ཇུས་གཞི་ལག་བསྟར་དང་དོན་འཁྱོལ་བྱེད་ཆེད། སྤྱི་ཟླ6པའི་ཚེས2ཉིན་ཀྲུང་གོའི་བདེ་སྲུང་མཐུན་ཚོགས་ཀྱིས་པེ་ཅིན་དུ་ཟས་རིགས་ཀྱི་ཁྲིམས་འགལ་བཞིར་རྡུང་རྡེག་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་དྲིལ་བསྒྲགས་དང་ལག་བསྟར་སྐོར་གྱི་གྲོས་ཚོགས་འཚོགས་ཤིང་། མཐུན་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་ཡིད་རྟོན་རུང་བའི་ཁེ་གཉེར་བྱེད་རྒྱུའི་ཁས་ལེན་ཡི་གེ་བཞག་ཡོད་པ་རེད།

ཐེངས་འདིའི་ལག་བསྟར་དང་དོན་འཁྱོལ་གྲོས་ཚོགས་ཐོག ཀྲུང་གོའི་བདེ་སྲུང་མཐུན་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་སྲུང་ཟས་རིགས་ཐོན་སྐྱེད་བྱེད་པའི་ཐད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཐོག བདེ་སྲུང་ཟས་རིགས་ཐད་བདེ་འཇགས་ཨང་དང་པོ་ཡིན་པའི་འགན་འཁྲིའི་འདུ་ཤེས་འཛུགས་པ་དང་དེ་ཆེ་རུ་གཏོང་བ་དང་། འགན་འཁུར་མཁན་གཙོ་བོའི་འོས་འགན་ལག་བསྟར་གྱིས་རྒྱུ་ཆའི་སྤུས་ཚད་བདེ་འཇགས་འགན་སྲུང་བྱས་ནས་རྒྱུ་འཕྲི་སླ་བཅོས་དང་རྫུན་གསེས་རྫུན་བཟོ། ཁྲིམས་འགལ་ངང་སྨན་སྦྱོར་བྱེད་པའམ་བྱེད་ཆོག་པའི་ཚད་གཞིར་མ་གཞིགས་པར་ཐོན་སྐྱེད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་དགོས་པ། ཁེ་གཉེར་བྱེད་པའི་ཐད་བདེ་སྲུང་ཟས་རིགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་ཀྱི་འདྲི་ཞིབ་ནང་དོན་ལ་ནན་པོར་གཞིགས་ནས་མཚམས་སྦྱོར་བརྡ་ཁྱབ་བྱེད་རྒྱུ། གྲོས་ཚོགས་དང་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་འགལ་ངང་བདེ་སྲུང་ཟས་རིགས་བྲིན་ཚོང་བྱེད་ཚུལ་གཏན་འགོག་བྱེད་རྒྱུ། ནུས་ཚད་འུད་སྒྲོག་མི་བྱེད་པ་དང་ནད་རིགས་སྔོན་འགོག་དང་སྨན་བཅོས་ཐད་ནས་དྲིལ་བསྒྲགས་རྫུན་མ་བྱེད་མི་རུང་བ། ལྟ་ཞིབ་བཟོ་སྐྲུན་དང་ཐོན་སྐྱེད། འོས་སྦྱོར་བྱེད་རྒྱུ་སོགས་ཀྱི་ཐད་བྲིན་ཚོང་གི་དྲིལ་བསྒྲགས་ཛུན་མ་བྱེད་ཚུལ་བཀག་འགོག་ནན་པོ་བྱེད་རྒྱུ། བྲིན་ཚོང་བྱས་རྗེས་ཀྱི་ཞབས་ཞུའི་ཐད་ནུས་ཡོད་ཀྱི་འཛད་སྤྱོད་པའི་ཁེ་ཕན་འགན་སྲུང་བྱེད་པའི་སྒྲིག་གཞི་འཛུགས་པ་དང་། བྲིན་ཚོང་རྗེས་ཀྱི་ཆུ་ཚད་མཐོར་གཏོང་། འཛད་སྤྱོད་འོས་འཚམ་བྱེད་རྒྱུར་སྐུལ་ཁྲིད་བྱེད་རྒྱུ། དེ་དང་དུས་མཚུངས་བདེ་སྲུང་ཟས་རིགས་ཁྲོམ་རའི་ཐོན་སྐྱེད་ཁེ་གཉེར་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ། ཡིད་རྟོན་རུང་བ་དང་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་བསྐྲུན་རྒྱུ་བཅས་ཁས་ལེན་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བདེ་སྲུང་ཟས་རིགས་ཀྱི་ཁྲིམས་འགལ་བཞིའི་བྱ་སྤྱོད་ཅེས་པ་ནི་ཁྲིམས་འགལ་ངང་ཐོན་སྐྱེད་དང་ཁྲིམས་འགལ་ངང་ཁེ་གཉེར་བྱེད་པ། ཁྲིམས་འགལ་ངང་སྨན་སྦྱོར་བྱེད་པ། ཁྲིམས་འགལ་ངང་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཟེར་བཞིན་ཡོད།  །

རྒྱལ་ཁབ་བཟའ་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཟླ་༥པའི་ཟླ་སྟོད་ནས་སྤྱི་ཟླ་༩པའི་ཟླ་སྨད་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་བདེ་སྲུང་བཟའ་རིགས་ཀྱི་ཁྲིམས་འགལ་བཞིའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག