མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  2013-05-25 12:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་5པའི་ཚེས24ཉིན་པའོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་དང་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་སུའེ་ཙེར་ནི་གྲོགས་པོ་བཟང་བོ་ཡིན་ལ། 2010ལོར་ངས་སུའེ་ཙེར་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པའི་སྐབས་སུ། སུའེ་ཙེར་གྱི་མགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་སའེ་ཙེར་བར་རང་མོས་ཉོ་ཚོང་གྲོས་མཐུན་འགོད་པར་གྲོས་མོལ་བྱེད་མགོ་རྩོམ་རྒྱུ་ཐག་བཅད། ད་ལྟ་རྒྱལ་ཁབ་གཉིས་ཀའི་རང་མོས་གྲོས་མཐུན་འགོད་པའི་གྲོས་མོལ་མཇུག་རྫོགས་ཏེ་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད། དེ་ནི་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན་པ་ལས་གཞན། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གོང་དུ་སྤེལ་བར་མཐུན་རྐྱེན་ཆེན་པོ་བསྐྲུན་ལ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གོང་དུ་སྤེལ་བར་ཡང་ཕན་པ་ཡོད། སྤུས་ཚན་མཐོ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གྲོས་མཐུན་དེ་ལས་ཀྲུང་གོ་དང་སུའེ་ཙེར་གྱིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་བསྒྲགས་ཡོད་པ་དང་། ཀྲུང་གོས་ཕྱི་སྒོ་འབྱེད་ཚད་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན་པ་མཚོན་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ལོ་རྒྱུས་དང་རིག་གནས། རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བའི་དབང་གིས། ཀྲུང་གོ་དང་སུའེ་ཙེར་གཉིས་ཀའི་གནད་དོན་ཁ་ཤས་ཐད་ཀྱི་ལྟ་བ་དེ་འདྲ་གཅིག་མཚུངས་མིན་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་རྩོད་གཞི་ལས་ཆེ། ཕྱོགས་གཉིས་ཀས་འདྲ་མཉམ་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་དང་། འབྲེལ་འདྲིས་ལ་ཤུགས་སྣོན་པ། ཕན་ཚུན་བར་རྒྱུས་ལོན་ཟབ་མོ་བྱས་ཚེ། རྒྱལ་ཁབ་གཉིས་ཀའི་བར་དུ་ཐག་གཅོད་དཀའ་བའི་གནད་དོན་ཅི་ཡང་མེད་ཅེས་བསྟན།

ལིས་ཁི་ཆང་གིས་མཇུག་མཐར། སུའེ་ཙེར་གྱིས་དཔལ་འབྱོར་དར་རྒྱས་འབྱུང་བ་དང་། ཀྲུང་གོའི་དེང་རབས་ཅན་མངོན་འགྱུར་བྱེད་པ་གང་ཡིན་ཡང་། གཉིས་ཀར་ཞི་བདེ་དང་བརྟན་འཇགས་ཀྱི་ཁོར་ཡུག་ཅིག་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བསྟན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག