མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 11:02

124738381_41n.jpg

སྤྱི་ཟླ5བའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས20ཉིན་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་མཛད་དེ་ཕྱོགས་གཉིས་བར་དུ་ཐུན་མོང་ལྟ་ཚུལ་བྱུང་བར་མ་ཟད། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་བྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་སྒོས་ཐག་བཅད།

  གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱ་གར་ནི་བདག་གིས་ཙུང་ལིའི་འགན་འཁུར་རྗེས་ཀྱི་འཚམས་འདྲི་ཐོག་མ་དང་འཚམས་འདྲིའི་ས་ཚིགས་དང་པོ་ཡིན་པ་དང་། དེ་ལས་ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ལྷག་བསམ་རྣམ་དག་གི་རེ་འདུན་ཡིན་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། གོ་སྐབས་དམ་འཛིན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ལ་ཐུགས་རེ་འགའ་བཏོན། གཅིག་ནི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་དངོས་གཉེར་མཉམ་ལས་སྐུལ་འདེད་བཏང་ནས་ཁེ་ཕན་མཉམ་གནས་གཏིང་ཟབ་ཏུ་སྤེལ་དགོས། གསུམ་ནི་འགོག་སྲུང་མཉམ་ལས་ལ་ཤུགས་བསྣན་ནས་བདེ་འཇགས་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། བཞི་ནི་མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། ལྔ་ནི་ཕན་ཚུན་གྱི་གནད་དོན་ལ་ཡིད་འཇོག་བྱས་ནས་གནད་དོན་གལ་ཆེན་ཐག་གཅོད་བཟང་བོ་བྱེད་དགོས་པ་བཅས་རེད།

  ཞིན་ཀི་ཡིས་ཐོག་མར་རྒྱ་གར་སྲིད་གཞུང་དང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ལིས་ཁི་ཆང་རྒྱ་གར་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པར་མ་ཟད་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་རྒྱ་གར་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་གྲོགས་པོ་བཟང་བོ་ཡིན་ལ། ཙུང་ལི་ལིས་ཁི་ཆང་ཐེངས་འདིར་འཚམས་འདྲིར་ཡོང་བར་དོན་སྙིང་གལ་ཆེན་ཡོད་པ་དང་། རྒྱ་གར་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། ཞིན་ཀི་ཡིས་ལིས་ཁི་ཆང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་གནང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་བཏོན་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་བོད་འབྲེལ་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་བསྐྱར་སྒྲོག་མཛད། ཞིན་ཀི་ཡིས་བཤད་རྒྱུར། རྒྱ་གར་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་ཞིག་ཡིན་པར་འདོད་པ་དང་། སྟོབས་ཤུགས་གང་རུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་མི་རུང་ཟེར།

  ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་ལྡན་རྒྱལ་ཁབ་སོགས་ནང་རྐྱེན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་དང་རྒྱལ་སྤྱིའི་འཇིགས་སྐུལ་པར་ངོ་རྒོལ། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བཤད་དབང་ཆ་ཇེ་མཐོར་གཏོང་བ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག