ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྐྱར་དར་བྱུང་བའི་ཀྲུང་གོའི་གསར་དར་སྨྱན་སྦྱོར་ཏེ་སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར་གྱི་ཀྲུང་གོའི་གསར་དར་སྨྱན་སྦྱོར་གོང་འཕེལ་སྙན་ཞུ་ཞེས་པ་སྤྱི་ཟླ5བའི་ཚེས15ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་སྨྱན་སྦྱོར་ལྟེ་གནས་གསར་པས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཞིན་ཧྭ་གསར་འགྱུར་ཁང་གིས་རྒྱལ་ཁབ་ཀྱི་ཆ་འཕྲིན་ཁང་གི་ངོས་ནས་སྤེལ་བའི་སྨྱན་སྦྱོར་གསར་པའི་ཐོན་ལས་སྙན་ཞུ་ཐོག་མ་དེ་ཡིན་པ་རེད།
སྙན་ཞུ་དེ་ཁྱོན་ས་བཅད་དྲུག་ཏུ་དབྱེ་བ་དང་ཡིག་འབྲུ་ཁྲི10ཡོད། སྙན་ཞུ་དེས་སྤྱི་ལོ2012ལོའི་རང་རྒྱལ་གྱི་སྨྱན་སྦྱོར་གསར་པའི་ཐོན་ལས་ཀྱི་སྤྱིའི་གོང་འཕེལ་གནས་ཚུལ་དང་གོང་འཕེལ་གྱི་ཁྱད་ཆོས་གསལ་འགྲེལ་བྱས་ཡོད་པ་དང་། ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཟིན་པ་རེད། སྙན་ཞུའི་ནང་། ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྨྱན་སྦྱོར་གསར་པའི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་གོང་འཕེལ་གྱི་འཐབ་ཇུས་མཐོ་ཚད་ནས་གསར་དར་སྨྱན་སྦྱོར་འཛུགས་སྐྲུན་ལ་མཐོང་ཆེན་སྔར་ལས་ལྷག་པ་བྱེད་དགོས་པ། ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཐག་ལེབ་དྲ་བ་གོང་འཕེལ་ཇེ་མགྱོགས་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་དྲ་ཚིགས་ཁྱབ་གདལ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ། ཐག་ལེབ་དྲ་བའི་ཀྲུང་གོ་ཞེས་པའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་དགོས་པ། གསར་དར་སྨྱན་སྦྱོར་བཀོལ་སྤྱོད་གོང་འཕེལ་ཤུགས་ཆེན་གཏོང་དགོས་པ། བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་དང་། སྤྲིན་རྩིས། ཟོག་འདྲེན་དྲ་བ་སོགས་སྔར་བས་ཚོང་སྤྱོད་བྱེད་རྒྱུར་ཟུར་སྐྱོར་བྱེད་དགོས་པ་མ་ཟད། དུས་མཚུངས་ད་དུང་གསར་དར་སྨྱན་སྦྱོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོ་དགོས་པ་དང་། ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་བའི་གསར་དར་སྨྱན་སྦྱོར་བཅོས་སྐྱོང་གི་ལམ་བུ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། །