མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས15ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སི་ཁྲོན་ལུའུ་ཧྲན་ས་ཁུལ་གྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་གནས་སྐབས་རང་བཞིན་གྱི་བཀོད་སྒྲིག་བྱ་བ་དང་སླར་གསོ་བསྐྱར་འཛུགས་བྱ་བ་དུས་ཐོག་ཏུ་སྒྲུབ་རྒྱུར་སྔར་ལས་བཀོད་སྒྲིག་བྱས་པ་དང་། ད་ལོའི་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་རྒྱུར་ཞིབ་འཇུག་བྱས་ཏེ། མཐོ་རིམ་སློབ་གྲྭ་ཆེན་མོ་གཙོ་བོའི་ཞིང་སྡེའི་སློབ་མ་བསྡུ་ལེན་བྱེད་པའི་བསྡུར་ཚད་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་སི་ཁྲོན་ལུའུ་ཧྲན་ས་ཁུལ་གྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་གནས་སྐབས་རང་བཞིན་གྱི་བཀོད་སྒྲིག་བྱ་བ་དང་གནོད་འཚེའི་དཔྱད་འཇོག་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན། ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ད་ལྟ་བསྡོམས་པས་མང་ཚོགས797000བཀོད་སྒྲིག་བྱས་པ་དང་། གནས་སྐབས་འཚོ་བའི་རྒུད་སྐྱོབ་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ། འཕྲོད་བསྟེན་རིམས་འགོག་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་བཞིན་ཡོད་པར་མ་ཟད། རིམ་པ་སོ་སོ་དང་སློབ་གྲྭ་སྣ་ཚོགས་ཕྱོགས་ཡོངས་ནས་སློབ་མགོ་ཚུགས་པ་དང་། གནོད་ཐེབས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱས་ཡོད་ཟེར། ཚོགས་ཐོག་ནས་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་མཛུབ་སྟོན་མཐུན་སྦྱོར་སྒྲིག་གཞི་མྱུར་དུ་འཛུགས་དགོས་པའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ས་ཡ6.99ལྷག་ལ་བསླེབས་པས། ལས་ཞུགས་བྱ་བའི་ཁུར་བོ་ཧ་ཅང་ལྗིད། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་དཔལ་འབྱོར་འཕར་སྣོན་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་བཅས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ནུས་ལྡན་བྱེད་ཐབས་བེད་སྤྱོད་བྱས་ནས། མཐར་ཕྱིན་སློབ་མའི་ལས་ཞུགས་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ཁག་ཐེག་བྱེད་དགོས་པ་སྟེ། གཅིག་ནས་ད་ཡོད་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཉིས་ནས་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དུ་གཏོང་དགོས། གསུམ་ནས་རང་བདག་གསར་བསྐྲུན་བྱེད་པར་སྐུལ་མ་གཏོང་དགོས། བཞི་ནས་ལས་ཞུགས་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་དགོས། ལྔ་ནས་ལས་ཞུགས་རོགས་སྐྱོར་བྱ་བ་སྒྲུབ་དགོས། དྲུག་ནས་ལས་ཞུགས་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།  

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལྟར། ཚོགས་ཐོག་ནས་མཐོ་རིམ་སློབ་གྲྭ་ཆེན་མོ་གཙོ་བོའི་ཞིང་སྡེའི་སློབ་མ་བསྡུ་ལེན་བྱེད་པའི་བསྡུར་ཚད་ཇེ་ཆེར་བཏང་ནས། སྔར་ལས་མང་པོའི་སློབ་སྦྱོང་ལ་དགའ་བའི་ཞིང་སྡེའི་སློབ་མས་རེ་བ་སྔར་ལས་མང་པོ་མཐོང་ཐུབ་པར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག