མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་གཉིས་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་གཉིས་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚེས11ཉིན་པེ་ཅིན་ནས་ཚོགས། ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་དང་ཡོ་ནན་ཕྱོགས་ཀྱི་ཀྲུའུ་ཞི། ཡོ་ནན་གྱི་ཙུང་ལི་གཞོན་པ་རོན་ཧྲན་རིན་གཉིས་ཀྱིས་མཉམ་དུ་ཚོགས་འདུར་འགོ་འཛིན་བྱས།

    དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱི་ཐུན་མོང་གི་དགོངས་པ་གལ་ཆེན་དངོས་འབེབ་བྱེད་པ་དང་། མིག་རྒྱང་རིང་བོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡར་སྐུལ་བྱེད་པར་དོན་དངོས་མང་ཙམ་བསྒྲུབ་པ་དང་སྟོབས་ཤུགས་མང་ཙམ་གསོག་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་ཏེ་འཐབ་ཇུས་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། མཉམ་ལས་ཀྱི་ཕན་འབྲས་བརྩོན་ལེན་བྱས་ཏེ་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གསར་བ་བསྐྲུན་དགོས་ལ། དམངས་ཁྲོད་འགྲོ་འོང་ལ་ཡར་སྐུལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་མཛའ་མཐུན་ལ་ཤུགས་སྣོན་དགོས་ཟེར།

    རོན་ཧྲན་རིན་གྱིས་ཡོ་ནན་གྱི་ཏང་དང་སྲིད་གཞུང་གིས་ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་བཤད།

    ཕྱོགས་གཉིས་ཀྱིས་ལོ་གཅིག་རིང་གི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་སྤྱི་བསྡོམས་བྱས་པ་མ་ཟད། ཏང་ཁག་བར་དང་རྒྱལ་སྲུང་། ཁྲིམས་འཛིན་བདེ་འཇགས། དཔལ་འབྱོར་ཉོ་ཚོང་། མཚོ་ཐོག མི་ཚུལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་འབྲེལ་བ་བཅས་ཐད་ནས་མཉམ་ལས་སྔར་ལས་དམ་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་སྔར་ལས་མང་བའི་གྲུབ་འབྲས་གསར་བ་ལེན་པར་འཐད་པ་བྱུང་།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག