མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ཐོན་ཁུངས་བཟང་ཆར་བརྟེན་ནས་མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཚུན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ས་གནས་དེ་གའི་ཐོན་ཁུངས་བཟང་ཆར་བརྟེན་ནས། བློ་བརྟན་འགྱུར་མེད་ངང་ལེགས་བསྡུས་ཞིབ་གཉེར་ཅན་དང་། ཕན་འབྲས་མཐོ་བ། འཁོར་རྒྱུག་རང་བཞིན་བཅས་ཀྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་དེ། མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་ཡོང་ཆེད་འགུལ་ཤུགས་སྣོན་ཡོད་པ་རེད། སྤྱི་ལོ2010ལོ་ནས་བཟུང་། ཤིན་ཅང་གི་ཐོན་སྐྱེད་སྤྱིའི་རིན་ཐང་བསྟུད་མར་ལོ་གསུམ་གྲངས་གནས་ཀྱི་འཕར་སྣོན་རྒྱུན་འཁྱོངས་ཐུབ་ནས། ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར1000ལྷག་ཙམ་འཕར་ཡོད་པ་རེད། སྤྱི་ལོ2012ལོར། ཤིན་ཅང་གི་སྤྱི་པའི་ནོར་སྲིད་ཡོང་འབབ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་འཕར་ཚད་སོགས་སྤྱིའི་ཆ་ནས25%ཡན་ཟིན་གྱི་ཡོད་པ་དང་། ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་གཏོད་ཡོད་པ་རེད།

ཤིན་ཅང་རྡོ་སོལ་གསོག་ཚད་རྒྱལ་ཡོངས་ཀྱི40%ཙམ་ཟིན་གྱི་ཡོད་པ་དང་། རྡོ་སྣུམ་དང་རང་བྱུང་རླངས་གསོག་ཚད་རྒྱལ་ཡོངས་ཀྱི་སྐམ་སའི་ཐོག་གི་ཐོན་ཁུངས་ཀྱི་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད། ལོ་གསུམ་ནང་། ཤིན་ཅང་གིས་ཐོན་ཁུངས་ཡག་ཤོས་དེ་རྒྱལ་ཡོངས་ཀྱི་ཆེས་སྟོབས་ཤུགས་ལྡན་པའི་ཁེ་ལས་ལ་བརྟེན་ནས་སྔོག་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ན་ནིང་ལོ་འཇུག་བར་སླེབས་སྐབས། ཁྱོན་ཁེ་ལས་ཆེ་གྲས100ལས་བརྒལ་བ་ཤིན་ཅང་དུ་གནས་སྡོད་བྱས་ནས། རྡོ་སོལ་གྱིས་རང་བྱུང་རླངས་བཟོ་བ་དང་། རྡོ་སོལ་གྱིས་རྡོ་སྣུམ་བཟོ་བ་སོགས་རྣམ་གྲངས66འཛུགས་སྐྲུན་བྱས་ཡོད་པ་དང་། འཆར་གཞི་བྱས་ནས་མ་འཇོག་སྒོར་དུང་ཕྱུར་སྟོང་ཕྲག་ཁ་ཤས་བྱ་རྒྱུ་ཡིན་པ་རེད།

ཤིན་ཅང་དུ་རླུང་ནུས་དང་། ཉི་འོད་ནུས་པ་སོགས་སྦགས་བཙོག་མེད་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེའི་ཁྲོད་རླུང་ནུས་གསོག་ཚད་ཆན་ཝ་དུང་ཕྱུར8ལས་བརྒལ་ཡོད་པས། རྒྱལ་ནང་གི་རླུང་གློག་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཆེ་བ་དེ་གར་ཡིད་འགུག་བྱས་ཡོད་པ་རེད། མིག་སྔར། ཤིན་ཅང་གི་རླུང་གློག་སྒྲིག་ཆས་ཀྱིས་གློག་མཁོ་འདོན་བྱེད་ཚད་ཆན་ཝ་ས་ཡ3.5ཟིན་གྱི་ཡོད་པ་རེད།

ཤིན་ཅང་ཀན་ཆོན་པའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནི་ཤིན་ཅང་གི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་ཅན་ལ་འགྱུར་བའི་འཐུས་ཚབ་ཤིག་ཡིན། མིག་སྔར། གསར་སྤེལ་ཁུལ་ནང་རྣམ་གྲངས་ཆེ་གྲས་བཅུ་གྲངས་ཐོན་སྐྱེད་བྱེད་པའམ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ནུས་པའི་འབྱུང་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། རྡོ་སོལ་གློག་དང་རྡོ་སོལ་རྫས་འགྱུར་བཅས་ཀྱིས་གཙོ་བོ་བྱས་པའི་ཐོན་ལས་གཅིག་བསྡུས་ཁུལ་ཞིག་ཆགས་བཞིན་ཡོད་པ་རེད། ལོ་ཤས་ཀྱི་རྗེས་སུ། དེ་གར་མི་བཞི་འབུམ་ཡོད་པའི་བཟོ་ལས་ཁུལ་གསར་པ་ཞིག་ཆགས་རྒྱུ་ཡིན་པ་རེད།

ཐན་ཧྲན་རི་བོའི་ལྷོ་ངོས་སུ་གནས་པའི་ཡན་ཆི་རྫོང་ཆི་ག་ཤིང་གྲོང་བརྡལ་དུ། རྒྱལ་ཡོངས་ཀྱི་ཡུག་གཅིག་འབྲེལ་གྱི་རྒུན་འབྲུམ་འདེབས་ཁུལ་ཆེ་ཤོས་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོ་སྙོམས་གྲུ་བཞི་མ་༣༠ཡོད། ཤིན་ཅང་ཤང་ཏུའུ་ཨ་རག་ལས་རིགས་ཀྱིས་དེ་གར་ལོ་རེའི་ལས་སྣོན་ནུས་པ་ཏུན་ཁྲི1ཟིན་པའི་རྒུན་འབྲུམ་ཨ་རག་བཟོ་གྲྭ་དང་རྒྱ་ཁྱོན་མུའུ་ཁྲི3ཟིན་པའི་སྤུས་ལེགས་རྒུན་འབྲུམ་ཨ་རག་བཟོ་སའི་རྟེན་གཞི་སྐྲུན་ཟིན་ཡོད་པ་མ་ཟད། རྒུན་འབྲུམ་ཨ་རག་རིག་གནས་ཁང་དང་། སྐྱེ་ཁམས་དཔལ་འབྱོར་ནགས་ར། ཨ་རག་བཟོ་གྲྭའི་སྐྱེ་ཁམས་ཡུལ་སྐོར་བཅས་ལས་གྲུབ་པའི་ཐོན་ལས་ཁུལ་ཞིག་ཆགས་ཡོད་པ་དང་། ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར4ཙམ་ཟིན་གྱི་ཡོད་པ་རེད།

ཤིན་ཅང་གི་ཤིང་ཏོག་ཐོན་ཁུངས་ལ་བརྟེན་པའི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཤིང་ཏོག་ལས་རིགས་ཚད་ཡོད་ཀུང་སིས། སྐྱེལ་འདྲེན་དང་། ཐད་ཀར་སྡེབ་ཚོང་། གློག་རྡུལ་ཚོང་དོན་སོགས་སྟེགས་བུ་གོང་འཕེལ་ཤུགས་ཆེན་བཏང་ཡོད་པས། ཧྭ་ཤར་གྱི་ཟས་རིགས་འབྲེལ་མཐུད་འགྲེམ་ཚོང་ས་ཚིགས་སུ་ཆེད་ཚོང་ཁྲོམ་སྟེགས3000ཙམ་བཙུགས་ཡོད་པ་མ་ཟད། ད་དུང་དྲ་ཐོག་དངོས་པོ་ཉོ་མཁན་གྱིས་དགའ་པོ་བྱེད་ས་ཞིག་ལ་གྱུར་ཡོད་པ་རེད།  '

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག