མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཉམ་འབྲེལ་ཐོག་བདམས་གསེས་བྱས་པའི་ཁག་དང་པོའི་དཔེ་མཚོན་ཆེད་ལས་ས་ཚིགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-09 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས7ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བར། སློབ་གསོ་པུའུ་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་ལས་དོན་སྡེ་ཁག་བཅས་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་མཉམ་འབྲེལ་ཐོག་བདམས་གསེས་བྱས་པའི་ཁག་དང་པོའི་རྒྱལ་ཡོངས་ལས་རིགས་སློབ་གྲྭའི་མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་དཔེ་མཚོན་ཆེད་ལས་ས་ཚིགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་མཛེས་རིས་སློབ་གྲྭའི་ཞོར་གཏོགས་སློབ་འབྲིང་སོགས་མཛེས་རིས་སློབ་གྲྭའི་རི་མོ་སོགས་ཀྱི་ཆེད་ལས100གོང་གསལ་མིང་ཐོའི་ནང་བདམས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་ཐེངས་དང་པོར་རྒྱལ་ཡོངས་ལས་རིགས་སློབ་གྲྭའི་ནང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་དཔེ་སྟོན་ཆེད་ལས་ཁག100ཙམ་བདམས་གསེས་བྱས་པའི་དམིགས་ཡུལ་ནི། ལས་རིགས་སློབ་གྲྭའི་མི་རིགས་ཀྱི་རིག་གནས་རིགས་ཀྱི་ཆེད་ལས་འཛུགས་སྐྱོང་ཐད་ཤུགས་སྣོན་བརྒྱབ་པ་བརྒྱུད། མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས། མི་རིགས་རིག་གནས་ཐོན་ལས་ཀྱི་དགོས་མཁོ་དང་འཚམས་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཡོད་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ཏན་ཏིག་བྱ་ཆེད། ཤེས་ལྡན་མི་སྣའི་འགན་སྲུང་ཏན་ཏིག་བྱ་རྒྱུ་དེ་ཡིན་པ་རེད།

པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གིས། ས་གནས་ཁག་གི་སློབ་གསོ་སྡེ་ཁག་དང་རིག་གནས་སྡེ་ཁག མི་རིགས་ལས་དོན་སྡེ་ཁག་བཅས་ཀྱིས་འབྲེལ་ཡོད་ཀྱི་ལས་རིགས་སློབ་གྲྭའི་མཛུབ་ཁྲིད་ཐད་ཤུགས་སྣོན་བརྒྱབ་ནས། ཟུར་སྐྱོར་སྲིད་ཇུས་གཏན་འཁེལ་དང་འགན་སྲུང་བྱ་ཐབས་འཐུས་ཚང་དུ་གཏོང་བ། ལས་རིགས་སློབ་གྲྭས་མི་རིགས་ཀྱི་རིག་གནས་ཐོན་ལས་ལ་གཞིགས་ནས་སློབ་གྲྭ་གཉེར་རྒྱུར་སྣེ་ཁྲིད་བྱས་ཏེ། མི་རིགས་རིག་གནས་ཀྱི་འབྲེལ་ཡོད་ཆེད་ལས་གཉེར་བ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡང་པུའུ་དང་ཨུ་ཡོན་ལྷན་ཁང་ཁག་གསུམ་གིས། འབྲེལ་ཡོད་ལས་རིགས་སློབ་གྲྭ་ཁག་གིས་རང་འགུལ་ངང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། མི་རིགས་རིག་གནས་ཐོན་ལས་གོང་འཕེལ་གྱི་དགོས་མཁོ་དང་འཚམས་པ་བྱས་ནས། ཆེད་ལས་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆེད་ལས་སློབ་ཚན་ལ་བསྒྱུར་བཅོས་གཏིང་ཟབ་བྱས་པ། དགེ་རྒན་གྱི་དཔུང་ཁག་དང་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྱོང་ཤུགས་ཆེར་བཏང་ནས། ཐོན་ལས་དང་སློབ་གསོ་ཟུང་འབྲེལ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཆེད་ལས་འཛུགས་སྐྱོང་གི་སྤྱིའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་ལས་འགན་འཁུར་བའི་ལས་རིགས་སློབ་གྲྭས། ཁྱབ་ཁོངས་དེ་བས་མང་བའི་ནང་དཔེ་སྟོན་གྱི་ནུས་པ་བཏོན་ནས། འབད་བརྩོན་ཆེན་པོས་ཆ་རྐྱེན་སྐྲུན་དགོས་པ་དང་། རྣམ་པ་སྣ་ཚོགས་བརྒྱུད་ཆེད་ལས་འཛུགས་སྐྱོང་གི་ཉམས་མྱོང་ལས་རིགས་སློབ་གྲྭ་གཞན་དག་ལ་ཁྱབ་སྤེལ་བྱས་ནས། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭའི་མི་རིགས་རིག་གནས་རིགས་ཀྱི་ཆེད་ལས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག