མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-07 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། 2013ལོའི་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་དོན་ཚན་སྐོར་ཞིག་མེད་པར་བཟོ་བ་དང་མར་སྤྲོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཅོས་སྒྱུར་ཟབ་མོ་བྱེད་པའི་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་རྒྱུ་དང་། ད་ལྟའི་གནས་བབ་འོག་ཏུ། འཕར་སྣོན་བརྟན་འཇགས་དང་། དངུལ་ལོར་ཚོད་མེད་དུ་འགྲེམ་པར་སྔོན་འགོག་དང་ཚོད་འཛིན། ཉེན་ཁ་སེལ་བ། ཀྲུང་གོའི་དཔལ་འབྱོར་རིམ་འཕར་གྱི་སྒྲུབ་སྟངས་གསར་བ་བསྐྲུན་པར་འབད་བརྩོན་བྱེད་དགོས་ན། བཅོས་སྒྱུར་གྱི་ཐད་ལ་འབད་འབུངས་དང་དོན་དངོས་སྒྲུབ་དགོས། བཅོས་སྒྱུར་གྱི་དོན་དག་གཅིག་སྒྲུབ་ན་གཅིག་ལེགས་འགྲུབ་འབྱུང་རྒྱུ་དང་། བཅོས་སྒྱུར་ལམ་ལུགས་ཀྱི་ཁེ་བཟང་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་ད་ལོའི་སྲིད་འཛིན་སྒྲིག་སྲོལ་དང་། ནོར་ཁྲལ། དངུལ་རྩ། དངུལ་གཏོང་དངུལ་བསྡུ། དངོས་གོང་། དམངས་འཚོ། མཁར་གྲོང་གཅིག་གྱུར་འཆར་འགོད། ཞིང་ལས་དང་ཞིང་སྡེ། ཚན་རྩལ་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་བརྒྱུད་རིམ་གྱི་བཅོས་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཏེ། གཅིག་ནས་དངུལ་གཏོང་ལས་གཞིའི་ཞིབ་བཤེར་མཆན་འགོད་དང་ཐོན་སྐྱེད་བདག་གཉེར་བྱ་འགུལ་སོགས་ཀྱི་དོན་ཚན་གཙང་བཤེར་དང་རེ་རེ་བཞིན་མེད་པར་གཏོང་བ། གཞི་རིམ་དུ་སྤྲོད་རྒྱུ་དང་། གཉིས་ནས་ནུས་ཤུགས་ཆེན་པོ་བཏོན་ནས། མངོན་གསལ་དང་ཚད་ལྡན། ཆ་ཚང་བའི་སྔོན་རྩིས་སྒྲིག་སྲོལ་འཛུགས་པ། གསུམ་ནས་སྐྱེད་ཀའི་ཚད་དང་དངུལ་ལོར་ཕྱིར་བསྡུ་ཚད་ཁྲོད་ར་ཅན་དུ་བསྒྱུུར་བའི་བྱེད་ཐབས་གཏན་ལ་འབེབས་པ། བཞི་ནས་ལྕགས་ལམ་དངུལ་གཏོང་དངུལ་བསྡུའི་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ། ལྔ་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྡོད་དམངས་ཀྱི་འཚོ་བའི་ཕྱོགས་སུ་བཀོལ་བའི་གློག་དང་འཐུང་ཆུ། སོལ་རླངས་སོགས་ཀྱི་རིམ་འཕར་རིན་གོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དྲུག་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ལྟ་རྟོག་ལམ་ལུགས་ནན་མོ་འཛུགས་པ། བདུན་ནས་མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། འབྲེལ་ཡོད་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཞིང་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། བརྒྱད་ནས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་སྡེའི་ཐོན་དབང་དང་ཐོ་འགོད། དབང་ཡིག་སྟེར་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཆུ་བེད་བཟོ་སྐྲུན་ཆུང་བའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་རྒྱལ་དབང་ནགས་ཁུལ་གྱི་བཅོས་སྒྱུར་མཛུབ་སྟོན་བསམ་འཆར་གཏན་ལ་འབེབས་པ། དགུ་ནས་ཚན་རྩལ་གསར་སྐྲུན་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་ད་དུང་རྒྱལ་ཁབ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ། རྒྱལ་ཁབ་མཚོ་ཁོངས་ཅུའུ་བཅས་ཀྱི་འགན་ནུས་གཙོ་བོ་དང་ནང་ཁུལ་གྱི་སྒྲིག་གཞི། མི་སྣའི་སྒྲིག་ལུགས་བཅས་ཀྱི་གཏན་ཁེལ་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག