མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་113པའི་ཀོང་ཀྲོའུ་ཉོ་ཚོང་ཚོང་འདུས་མཇུག་བསྒྲིལ་བ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-05 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས113པའི་ཀོང་ཀྲོའུ་ཉོ་ཚོང་ཚོང་འདུས་སྤྱི་ཚེས་4ཉིན་མཇུག་བསྒྲིལ་བ་དང་། གྲངས་གཞི་ལས་གསལ་བར། མཚོ་འགྲམ་གྲོང་ཁྱེར་གྱི་ངལ་ནུས་རུབ་བསྡུས་ཆེ་བའི་ཐོན་ལས་ནུབ་རྒྱུད་ས་ཁུལ་དུ་སྤོ་བསྒྱུར་བྱེད་འགོ་ཚུགས་ཏེ་རིམ་བཞིན་གཞི་ཁྱོན་ལྡན་པའི་ཐོན་ལས་སུ་གྱུར་ཡོད་པ་རེད། ཀོང་ཀྲོའུ་ཉོ་ཚོང་ཚོང་འདུས་དེ་དུས་མཚམས་གསུམ་དུ་དབྱེ་སྟེ་ཉིན་20འཚོགས་ཡོད་པ་དང་། དུས་མཚམས་གསུམ་པའི་འགྲེམས་ཚོང་ནང་ཞུགས་མཁན་མང་ཆེ་བ་ངལ་ནུས་རུབ་བསྡུས་ཆེ་བའི་ལས་རིགས་ཡིན་པས། དེས་ཀྲུང་གོས་བཟོ་སྐྲུན་བྱས་པའི་ཐོན་རྫས་ཀྱི་མིག་སྔའི་གནས་བབ་སྔར་བས་གསལ་པོ་མངོན་ཐུབ་ཡོད། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་གསལ་བར། སྐབས་འདིའི་ཀོང་ཀྲོའུ་ཉོ་ཚོང་ཚོང་འདུས་ཀྱི་དུས་མཚམས་གཉིས་པའི་འགྲེམས་ཚོང་མཇུག་བསྒྲིལ་བའི་བར། ས་ཁོངས་ཕྱིའི་ཉོ་སྒྲུབ་མཁན་ཐོ་འགོད་བྱེད་མཁན་རིམ་རྩིས་བྱས་ན་མི་གྲངས་ཆིག་འབུམ་དྲུག་ཁྲི་ཆིག་སྟོང་ཡང་ཟིན་གྱི་མེད་པ་དང་། སྐབས་གོང་མའི་ཀོང་ཀྲོའུ་ཉོ་ཚོང་ཚོང་འདུས་དང་བསྡུར་ཚེ་མི་གྲངས་མང་དུ་ཤུགས་ཆེན་ཕྱིན་ཡོད་ཀྱང་། སྔར་བཞིན་ན་ནིང་དུས་མཚུངས་སྐབས་ཀྱི་མི་གྲངས་ཆིག་འབུམ་དྲུག་ཁྲི་དྲུག་སྟོང་གི་ཆུ་ཚད་ལས་དམའ་བ་ཡོད་པ་རེད། ཕྱི་ཕྱོགས་ཀྱི་དགོས་མཁོ་མང་དུ་མངོན་གསལ་དོད་པོ་ཕྱིན་མེད་པ་མ་ཟད། མཚོ་འགྲམ་གྲོང་ཁྱེར་གྱི་ཐོན་ལས་མང་པོས་མ་གནས་དམའ་རུ་གཏོང་བ་དང་། འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད། གཅིག་རྗེས་གཉིས་མཐུད་ཀྱིས་དབུས་ནུབ་ས་ཁུལ་དུ་མ་འཇོག་བྱས་ཏེ་བཟོ་གྲྭ་བཙུགས་ཡོད་པ་རེད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གྲོང་ཁྱེར་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡང་ཡུད་ཀྱིས། ཤར་རྒྱུད་ཐོན་ལས་ཀྱིས་གཅིག་བསྒྲིལ་ཐོག་ནས་དབུས་ནུབ་ས་ཁུལ་དུ་སྤོ་བསྒྱུར་བྱས་ཚེ། གཞི་ནས་ནུས་པ་ཆེ་ཤོས་འདོན་སྤེལ་བྱེད་ཐུབ། གལ་ཏེ་དབུས་ནུབ་ས་ཁུལ་གྱིས་ཐོན་ལས་སྤོ་བསྒྱུར་དེ་རིགས་དང་ལེན་བྱེད་སྐབས། ཚང་མས་རང་སོ་སོའི་ལམ་བུ་ལྟར་གོང་འཕེལ་བཏང་ཚེ་མཐར་ཤར་རྒྱུད་ཀྱི་བལྟོས་བཅས་གཅིག་སྡུད་ཆེ་བའི་ཐོན་ལས་དབུས་ནུབ་རྒྱུད་དུ་ཁ་ཐོར་དུ་གནས་པའི་རྣམ་པ་ཞིག་ཆགས་སྲིད། ཐོན་ལས་རང་ངོས་ཀྱི་གོང་འཕེལ་ཆོས་ཉིད་དང་འགལ་ཏེ། ཐོན་ལས་རིམ་སྤར་ཡོང་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཇེ་སྡུག་ཏུ་འགྲོ་ངེས་ཡིན་ཞེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག