མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཇུས་གཞིར་གྲོས་ཞིབ་བྱས་ཡོད་པ་དང་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

ཚོགས་ཞུགས་མི་སྣས། འཆར་ཟིན་ནང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་ཆེད་དུས་ཚོད་འཚམ་པོའི་སྐབས་སུ་འཆར་ཟིན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ཕྱོགས་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཛད་སྤྱོད་པའི་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད། མཚམས་སྦྱོར་བརྡ་ཁྱབ་རྫུས་མ་དང་མགོ་སྐོར་བསླུ་བྲིད་བྱ་སྤྱོད་ལ་གང་འདྲ་བྱས་ནས་ཉེས་ཆད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཚོགས་ཞུགས་མི་སྣས་གྲོས་སྡུར་ཚ་ཚ་འུར་འུར་བྱེད་པའི་གཙོ་གནད་ཡིན་པས་འཆར་ཟིན་ནང་གཏན་འབེབས་ཁ་སྣོན་བརྒྱབ་ནས་མཚམས་སྦྱོར་བརྡ་ཁྱབ་ཚོང་གཉེར་བྱེད་མཁན་དང་ཁྱབ་སྤེལ་གཏོང་མཁན་གྱིས་ཟས་རིགས་དང་སྨན་རྫས་ཀྱི་མཚམས་སྦྱོར་བརྡ་ཁྱབ་རྫུས་མའི་ཐད་གཅིག་ལ་གཅིག་འབྲེལ་གྱི་འགན་འཁུར་དགོས་པ་ཁ་གསལ་བཟོས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཨུ་ཡོན་ཧན་ཞའོ་པིན་གྱིས། དེ་ནི་ཡར་རྒྱས་ཤིག་ཡིན། འོན་ཀྱང་ཟས་རིགས་དང་སྨན་རྫས་ཁྱབ་ཁོངས་ཁོ་ནའི་ནང་ཚོད་འཛིན་བྱེད་མི་རུང་བར་མཚམས་སྦྱོར་བརྡ་ཁྱབ་རྫུས་མ་ཡིན་ཕྱིན་ཚོང་གཉེར་བྱེད་མཁན་དང་འདྲ་བར་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས་པ་དང་ཟས་རིགས་དང་སྨན་རྫས་ཡིན་ནའང་འདྲ་ཕྱོགས་གཞན་དག་གང་ཞིག་ཡིན་རུང་འགན་འཁྲི་འཁུར་དགོས་ཀྱི་ཡོད། ད་ལྟའི་དོན་དངོས་ཐོག་ནས་ར་སྤྲོད་ཐུབ་གསལ་ལ། ཟས་རིགས་དང་སྨན་རྫས་མིན་པ་ཁག་ཅིག་གི་ཤུགས་རྐྱེན་སྔར་བཞིན་ཆེན་པོ་ཡོད་པ་མ་ཟད་ཁྲོམ་ར་ཟང་ཟིང་བཟོ་གི་ཡོད་པས་ངེས་པར་དུ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་ངོས་འཛིན་གནང་འདུག

ཨུ་ཡོན་ཀྲུའུ་ཅིང་ཀྲེ་ཡིས་མཚམས་སྦྱོར་བརྡ་ཁྱབ་ཁྱབ་སྤེལ་བྱེད་མཁན་འཛད་སྤྱོད་པ་མི་སྒེར་རམ་སྒྲིག་འཛུགས་ཀྱིས་ཀྱང་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས་ཀྱི་ཡོད། འཆར་ཟིན་གྱིས་ཤུགས་ཚད་ཆེ་རུ་བཏང་ནས་ཚོང་གཉེར་པའི་མགོ་སྐོར་བསླུ་བྲིད་བྱ་སྤྱོད་ལ་ཉེས་ཆད་གཏོང་དགོས་པ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ནང་གི་གྱོང་གསབ་ལྡབ་གཉིས་སྤྲོད་པའི་རྩ་དོན་དེ་ལྡབ་གསུམ་ལ་སྒྱུར་དགོས་པ་མ་ཟད་སྐྱིན་ཚབ་འཇལ་བའི་དངུལ་གྲངས་ཉུང་ཤོས་ལའང་སྒོར500གཏན་འབེབས་བཟོ་དགོས་པའི་གྲོས་འགོ་བཏོན་གནང་འདུག ཡིན་ནའང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མང་པོ་ཞིག་གིས་ཉེས་ཆད་གཏོང་ཤུགས་དེ་བས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་འདུག ཨུ་ཡོན་ཧན་ཁྲེང་པིན་གྱིས། དེ་ནི་ཉེས་ཆད་རང་བཞིན་གྱི་གྱོང་གསབ་མ་དངུལ་ཡིན་པ་དང་གསལ་པོ་བཤད་ན་འཛད་སྤྱོད་པ་མི་སྒེར་ལ་གྱོང་གསབ་བྱེད་ཀྱི་ཡོད། འོན་ཀྱང་ཁྲིམས་འགལ་པའི་ངོས་ནས་བཤད་ན་དེ་ནི་ཉེས་ཆད་བཏང་བ་ཞིག་རེད། ཉེས་ཆད་གཏོང་རྒྱུ་ཚད་གཞི་ངེས་གཏན་ལ་མ་སླེབས་པ་ཡིན་ན་ཉེས་ཆད་གཏོང་བ་དང་ཁྲོམ་ར་བཅོས་སྒྲིག་བྱེད་པའི་ཕན་ནུས་ཐོན་གྱི་མེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག