མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཅང་ཁ་ཧྲི་ས་ཁུལ་པཱ་ཁྲུའུ་རྫོང་ནས་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་པ་ལྟར་ན། སྤྱི་ཟླ4བའི་ཚེས23ཉིན་གྱི་དུས་ཚོད13དང་སྐར་མ30ཡི་སྟེང་། ཞིན་ཅང་ཁ་ཧྲི་ས་ཁུལ་པཱ་ཁྲུའུ་རྫོང་ནས་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་དམངས་ཉེན་རྟོག་པ་དང་། སྡོད་ཁུལ་གྱི་ལས་བྱེད་མི་སྣ15བསད་པ་དང་། མི2ལ་རྨས་ཕོག

ཚེས23ཉིན་གྱི་དུས་ཚོད13དང་སྐར་མ30ཡི་སྟེང་། ཞིང་ཅང་ཁ་ཧྲི་ས་ཁུལ་པཱ་ཁྲུའུ་རྫོང་སི་ལིས་པུའུ་ཡ་གྲོང་བརྡལ་སྡོད་ཁུལ་གྱི་ལས་བྱེད་མི་སྣ3སྡོད་དམངས་ཀྱི་ཁྱིམ་ལ་གནས་ཚུལ་རྒྱུས་བྱེད་དུ་སོང་བ་ན་སྡོད་དམངས་ཤིག་གི་ཁྱིམ་དུ་དོགས་ཡོད་མི་སྣ་མང་པོ་དང་བཀག་སྡོམ་གྱི་གྲི་ཡོད་པ་མཐོང་བས། འཕྲལ་དུ་ཁ་པར་གྱི་ལམ་ནས་གོང་རིམ་ལ་ཡར་ཞུ་བྱས། དེའི་རྗེས་སུ་ཁང་བའི་ནང་དུ་སྦོས་སྐོང་བྱས་ཡོད་པའི་མི་ངན་དེ་ཚོས་ཚོད་འཛིན་བྱས།

གནས་ཚུལ་འབྱོར་རྗེས། གྲོང་བརྡལ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་སྡོད་ཁུལ་གྱི་ལས་བྱེད་པ་སྐོར་ཁག་བགོས་ཏེ་གནས་དེར་ཕྱིན་པ་ན། སྔ་གཞུག་ཏུ་ཁང་བའི་ཕྱི་ནང་གི་གདུག་རྩུབ་ཆེ་བའི་མི་ངན་དེ་དག་གིས་འཇབ་རྒོལ་བྱས་ནས་བསད། དེའི་སྔོན་ལ་ཚོད་འཛིན་ཐེབས་པའི་མི་གསུམ་པོའང་བསད་དེ། ཁང་བ་མེར་སྒྲོན། དེའི་རྗེས་སུ་གནས་དེར་འབྱོར་བའི་མི་དམངས་ཉེན་རྟོག་པས་མུ་མཐུད་དུ་ངོ་ཡ་བྱེད་བཞིན་པའི་མི་ངན་དེ་ཚོ་བསད་དེ། ཡུལ་དངོས་ཚོད་འཛིན་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དེ་ལས། མི་དམངས་ཉེན་རྟོག་པ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣ15བསད་པ་དང་། དེའི་ནང་དུ་ཡུ་གུར་རིགས10དང་རྒྱ་རིགས3། སོག་རིགས2བཅས་ཡོད། ཡུ་གུར་རིགས་ཀྱི་མི2ལ་རྨས་ཕོག གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མི་ངན6བསད་པ་དང་། མི8འཛིན་བཟུང་བྱས་ཟེར།

རྩད་ཞིབ་རག་ཙམ་བྱས་པ་ལྟར་ན། དེ་ནི་དྲག་ཤུགས་འཇིགས་སྐྲུལ་བྱ་འགུལ་སློང་རྩིས་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང་། གྱོད་གཞི་དེར་ད་ལྟ་རྩད་གཅོད་བཞིན་པའི་སྒང་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག