མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་དང་ལས་རིགས་ཁག་ནས་གནོད་འཚེ་ཕོག་ཁུལ་དུ་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་གཡག་རྔ་རྫོང་དུ་ས་ཡོམ་རིམ་པ7བརྒྱབ་པས་རྒྱལ་ཡོངས་མི་དམངས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྡེ་ཁག་ཁག་དང་ལས་རིགས་ཁག ཁེ་ལས་དང་། སྤྱི་ཕན་སྒྲིག་འཛུགས་བཅས་ནས་གཅིག་མཇུག་གཉིས་མཐུད་ངང་བྱ་སྤྱོད་སྤེལ་ནས་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་ཏེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་གཅེས་སེམས་ཕུལ་ཡོད་པ་རེད། སྤྱི་ཚེས22ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་ནས་སི་ཁྲོན་ལུའུ་ཧྲན་གྱི་གནོད་འཚེར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཏེ་ཡོམ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས་པ་རེད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་ནས་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་སྒོར་ས་ཡ1ཕུལ་བ་མ་ཟད་སྨན་བཅོས་དང་། སྤྱི་བདེའི་མེ་ཟོན། འགྲིམ་འགྲུལ་སོགས་ཐད་ཀྱི་རོགས་སྐྱོབ་མི་སྣ་མངག་གཏོང་བྱས་པ་དང་། རོགས་སྐྱོབ་དངོས་པོའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ། གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་ལ་བསྐྱོད་རྒྱུར་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་རེད། མིག་སྔར་ཧྲན་ཏུང་གིས་རིན་ཐང་སྒོར་ས་ཡ3.7935ཟིན་པའི་དངོས་པོ་སི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་འདྲེན་བྱས།

སྤྱི་ཚེས22ཉིན། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་ཁུངས་ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་གཉེར་བ་དང་། སྤྱི་ཚེས22ཉིན་གྱི་ཆུ་ཚོད12བར་སླེབས་དུས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པར་ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ནས་ཕུལ་བའི་ཞལ་འདེབས་སྒོར898000ཙམ་ལག་འབྱོར་བ་རེད། སྤྱི་ཚེས22ཉིན། ཧེ་ལུང་ཅན་ཞིང་ཆེན་གཞོན་ནུ་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་གཞོན་ནུ་ཐེབས་རྩ་ལྷན་ཚོགས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རེ་བའི་ལས་གཞིའི་ཛ་དྲག་རོགས་སྐྱོབ་སློབ་རོགས་བྱ་སྤྱོད་ཅེས་པ་འགོ་བཙུགས་པ་དང་། སྒྲིག་འཛུགས་དེས་དེའི་གོང་དངུལ་གྱི་ཞལ་འདེབས་བསྡུ་རུབ་བྱས་ནས་ལུའུ་ཧྲན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེའི་ཁུལ་གྱི་གནོད་སེལ་སློབ་རོགས་ཐད་དངུལ་སྒོར་འབུམ1ཞལ་འདེབས་ཕུལ་བ་རེད། གཡག་རྔར་ས་ཡོམ་བརྒྱབ་རྗེས་ཧྭ་ནང་ཚོགས་པས་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་སྒོར་ས་ཡ8ཕུལ་བ་དང་། ཀྲུང་གོའི་ཧྭ་ཏན་ཚོགས་པ་ཀུང་སི་དང་རྒྱལ་ཁབ་གློག་གི་དྲ་བ་ཀུང་སིས་ཁག་སོ་སོར་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་དངུལ་སྒོར་བྱེ་བ1རེ་ཕུལ་བ་རེད།

ཀྲུང་གོའི་ཀོང་ཏ་ཚོགས་པས་སྤྱི་ཟླ4པའི་ཚེས22ཉིན་སི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་ཁག་དང་པོའི་ཞལ་འདེབས་དངུལ་ས་ཡ5འབུལ་རྒྱུའི་ཐག་བཅད་པ་རེད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་སྤྱི་ཚེས21ཉིན་སི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་ཞལ་འདེབས་དངུལ་སྒོར་བྱེ་བ་གཅིག་འབུལ་རྒྱུའི་ཐག་བཅད་པ་རེད།

བཟོ་ཚོང་དངུལ་ཁང་གིས་སྤྱི་ཚེས22ཉིན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་སྒོར་བྱེ་བ1.5ཕུལ་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཡོམ་འགོག་གནོད་སེལ་དང་ཁྱིམ་གཞིས་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཀྲུང་གོ་དངུལ་ཁང་གིས་སྤྱི་ཚེས22ཉིན་གནོད་འཚེ་ཕོག་ཁུལ་གྱི་དངུལ་བུན་གཡར་མཁན་ལ་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་གཉེར་སྐབས་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་མ་ཟད། སྟབས་བདེའི་ཡིད་རྟོན་བགྲོད་ལམ་གཏོད་རྒྱུ་དང་། གཡག་རྔ་ས་ཁུལ་གྱི་ཀྲུང་གོ་དངུལ་ཁང་གི་ཡིད་རྟོན་ག་ཤོག་བེད་སྤྱོད་བྱེད་མཁན་དང་དེ་བཞིན་ཡོམ་འགོག་གནོད་སེལ་ནང་ཞུགས་མཁན་མི་སྣའི་ཁྲོད་ཀྲུང་གོ་དངུལ་ཁང་གི་ཡིད་རྟོན་ག་ཤོག་བེད་སྤྱོད་གཏོང་མཁན་ཡིན་ཕྱིན་ད་ལོའི་སྤྱི་ཟླ4པའི་ཚེས20ཉིན་ནས་སྤྱི་ཟླ12པའི་ཚེས31ཉིན་བར་དངུལ་སྐྱིན་ཚབ་སྤྲོད་རྒྱུ་འགྱངས་པ་ལས་བྱུང་བའི་སྐྱེད་ཀ་དང་དངུལ་ཆད། ཡིད་རྟོན་ག་ཤོག་བོར་བརླག་སོང་བ་བསྐྱར་བཟོ་བྱེད་པའི་འགྲོ་གྲོན་བཅས་བསྡུ་རྒྱུ་མིན་ཞེས་བསྟན་པ་རེད། འགྲིམ་འགྲུལ་དངུལ་ཁང་གིས་ཡོམ་འགོག་གནོད་སེལ་རིང་ལས་སྒོ་གཉེར་སའི་སྒེའུ་ཁུང་དང་། ངལ་གསོའི་དུས་ཚོད། ལས་གཉེར་མི་སྣ་བཅས་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུ་དང་། ལས་གཉེར་དུས་ཚོད་ནང་ཉིན་གང་གནོད་སེལ་ཞལ་འདེབས་དངུལ་བསྐུར་བའི་ལས་སྒོ་གཉེར་རྒྱུར་སྒུག་སྡོད་རྒྱུ་ཡིན་ཞེས་བསྟན་པ་རེད།

འཛུགས་སྐྲུན་དངུལ་ཁང་གིས་སི་ཁྲོན་གཡག་རྔར་ས་ཡོམ་བརྒྱབ་རྗེས་ས་ཡོམ་ནང་དངུལ་འཛིན་ག་ཤོག་དང་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བའི་ལས་སྒོ་གཉེར་མཁན་ལ་རོགས་སྐྱོབ་དངུལ་ལེན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མ་ཟད། རང་འགུལ་དངུལ་ལེན་སྒྲིག་ཆས་སུ་ག་ཤོག་མེད་པར་དངུལ་ལེན་པའི་ནུས་པ་ཡོད་པ་བྱས་ནས། ལས་སྒོ་གཉེར་མཁན་ལ་ཛ་དྲག་ངང་དངུལ་བེད་སྤྱོད་གཏོང་བའི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།

ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གནོད་སེལ་གྱི་དཔུང་སྡེའི་སྟབས་བསྟུན་མ་དངུལ་གྱི་དགོས་མཁོ་སྐོང་རྒྱུར་འགན་ལེན་བྱ་རྒྱུ་དང་། བྱ་ཐབས་ནུས་ལྡན་བཟུང་ནས་ཁྲེན་ཏུའུ་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་རུ་ཁག ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་སོགས་ཀྱི་དཔུང་སྡེར་ཉིན་གང་དངུལ་ལེན་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་པ་རེད། སེང་ག་ཕོར་གྱི་ཅིན་དབྱིང་ཚོགས་པའི་ལས་འཛིན་ཅུད་ཀྱི་ཀྲུའུ་ཞི་ཁྲེན་ཅང་ཧོ་ཡིས་ཚོགས་པའི་ཁོངས་གཏོགས་ཀྱི་ཁེ་ལས་ཁག་ནས་ཕྱིར་སྡོད་ཀྲུང་གོ་བའི་གཞུང་ལས་ཁང་གི་ཕྱིར་སྡོད་རང་མིའི་གཅེས་སེམས་ལས་གཞི་ཞེས་པ་བརྒྱུད་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གནོད་སེལ་ལས་དོན་ཐད་ཞལ་འདེབས་དངུལ་སྒོར་བྱེ་བ་གཉིས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། ཀྲེ་ཅང་ཞིང་ཆེན་ཉིང་པོའོ་གྲོང་ཁྱེར་ཨའོ་ཀ་སི་ཚོགས་པས་སྤྱི་ཚེས21ཉིན་ཉིང་པོའོ་གྲོང་ཁྱེར་དབྱིང་ཀྲའུ་ཁུལ་གྱི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་བརྒྱུད་སི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཁག་དང་པོའི་ཞལ་འདེབས་སྒོར་ས་ཡ5ཕུལ་བ་དང་། དེའི་ནང་དངུལ་སྨར་སྒོར་ས་ཡ2དང་སྒོར་ས་ཡ3ལ་རི་བའི་སྨན་རྫས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག