མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཧྲན་ས་ཡོམ་རྗེས་ཀྱི་ཉིན་གསུམ་པར་ས་ཡོམ་རྒྱག་ཁུལ་གྱི་འཕྲིན་གཏོང་དང་གཞུང་ལམ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གིས་སྤྱི་ཟླ4བའི་ཚེས22ཉིན་གྱི་ཕྱི་དྲོ་སྐོང་འཚོགས་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ4བའི་ཚེས22ཉིན་གྱི་ཆུ་ཚོད12པའི་བར། སི་ཁྲོན་ཞིང་ཆེན་ལུའུ་ཧྲན་གྱི་སྤྱི་ཟླ4བའི་ཚེས20ཉིན་གྱི་ས་ཡོམ་རིམ་པ7ནང་རིམ་རྩིས་བྱས་ན་གཡག་རྔའི་ཤང་དང་གྲོང་བརྡལ16གི་འཕྲིན་གཏོང་ཆད་པ་དང་། དེའི་ནང་ས་ཆ14ཡི་འཕྲིན་གཏོང་སླར་གསོ་ཐུབ་ཡོད་པ་དང་། ཡུང་ཧྥུ་ཤང་དང་། མིན་ལི་ཤང་གི་འཕྲིན་གཏོང་ད་དུང་སླར་གསོ་ཐུབ་མེད་པ་རེད། དེ་མིན། འཕྲིན་གཏོང་ལྟེ་བའི་ཅུད་དང་སོའོ་ལྔ་ཡི་འཕྲིན་གཏོང་ཡོངས་སླར་གསོ་ཐུབ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་སྤྱི་ལེ3920ལ་གཏོར་བཤིག་ཕོག་པ་དང་། དེའི་ནང་སྤྱི་ལེ3513མྱུར་བཟོ་སླར་གསོ་ཐུབ་ཡོད་ཅིང་། ལམ་ཚད་བཅུ་ཆ་དགུ་ཙམ་ཟིན་གྱི་ཡོད་པ་རེད།

འགྲིམ་འགྲུལ་སྡེ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས22ཉིན་གྱི་ཆུ་ཚོད18དང་སྐར་མ30ཡི་ཐོག ལུའུ་ཧྲན་རྫོང་ནང་ཁོངས་ཀྱི་ཤང་ལ་བསྐྱོད་སའི་ལམ་ཁག་གཉིས་ནུས་ཤུགས་གང་ཡོད་ཀྱིས་མྱུར་བཟོ་སླར་གསོ་བྱེད་བཞིན་ཡོད་པ་དང་། ས་ཡོམ་གནོད་འཚེ་ཚབས་ཆེན་ཕོག་སའི་པའོ་ཤིང་རྫོང་དང་། ལུའུ་ཧྲན་རྫོང་ནང་ཁོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་ལམ་ཨ་མ་དང་། རྫོང་དང་ཤང་གི་གཞུང་ལམ་ཡོངས་མྱུར་བཟོ་ཤར་གཏོང་ཐུབ་ཡོད་པ་མ་ཟད་ཤར་གཏོང་རྒྱུན་གཏན་ཡིན་པ་རེད། དེ་མིན། སྤྱི་ཚེས22ཉིན་གྱི་ཆུ་ཚོད16བར། ས་ཡོམ་རྒྱག་ཁུལ་གྱི་གློག་ཡོངས་སུ་གཏོང་མཚམས་ཆད་པའི་ཆན་ཧྥུ་༣༥ཡན་གྱི་གློག་སྒྱུར་གློག་ཁང34ཡི་ནང་གློག་ཁང21གི་གློག་འདོན་སླར་གསོ་ཐུབ་ཡོད་པ་རེད། ས་ཡོམ་ནང་ཐེམ་དུད186600ཡི་གློག་ཆད་པ་དང་། དེའི་ནང་ཐེམ་དུད154600ཡི་གློག་འདོན་སླར་གསོ་ཐུབ་ཡོད་ཅིང་སླར་གསོ་ཐུབ་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད་པ་རེད།

གནོད་འཚེ་ཕོག་པའི་མང་ཚོགས་ལ་བདེ་འཇགས་ལྡན་པའི་གནས་སྐབས་སྡོད་གནས་མཁོ་འདོན་བྱ་ཆེད། གནོད་འཚེ་ཕོག་ཁུལ་གྱི་ཏང་ཨུད་དང་། སྲིད་གཞུང་། དམངས་སྲིད་སྡེ་ཁག་བཅས་ཀྱིས་དུས་ཐོག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་པ་དང་། སྤྱི་ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་བར་སླེབས་སྐབས། གཅིག་སྡུད་ཁུལ105བཀོད་སྒྲིག་བྱས་ཟིན་པ་དང་། ཁྱོན་གནོད་འཚེ་ཕོག་པའི་མང་ཚོགས50781བཀོད་སྒྲིག་བྱས་ཡོད་པ་རེད། སྤྱི་ཚེས22ཉིན་གྱི་ཐོ་རེངས་བར། གནོད་སེལ་གུར30275དང་། ཕོ་ཁེབས115000། གྱོན་ཆས10000སོགས་རིགས་ཁག་གི་དངོས་ཟོག་སྔོན་ལ་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་ཡོད་པ་རེད།

མིག་སྔར། ཀྲུང་གོ་རྒྱལ་སྤྱིའི་ས་ཡོམ་གནོད་འཚེའི་རོགས་སྐྱོབ་རུ་ཁག་ཚུད་པའི་རྒྱལ་ནང་གི་ཆེད་ལས་རོགས་སྐྱོབ་རུ་ཁག་མང་པོ་དང་། དེ་བཞིན་བཅིངས་བཀྲོལ་དམག་དང་། དྲག་ཆས་ཉེན་རྟོགས་དཔུང་སྡེ། ཡུལ་དམག་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་སྔར་བཞིན་ལུའུ་ཧྲན་རྫོང་དང་། པའོ་ཤིང་རྫོང་སོགས་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་ཁང་པ་ཞིག་རོའི་ཁྲོད་རིམ་བཤེར་བྱས་ཏེ། འབད་བརྩོན་ཆེན་པོས་འཚོ་གནས་བྱེད་མཁན་འཚོལ་ཞིབ་བྱེད་པ་དང་། ཁང་པ་ཞིག་རོའི་འོག་ལུས་པའི་མི་སྣ་ཧུར་ཐག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད།

དེ་དང་ཆབས་ཅིག འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་ལས་དོན་ཡང་དུས་གཅིག་ཏུ་སྒྲུབ་བཞིན་ཡོད། སྤྱི་ཚེས22ཉིན། ཛ་དྲག་ངང་དམག་ཡོངས་ཀྱི་ཁྲོད་ནས་ནད་ཡམས་སྔོན་འགོག་རུ་ཁག་དྲུག་མངགས་གཏོང་བྱས་པ་ཡོངས་ས་ཡོམ་གནོད་འཚེ་ཚབས་ཆེན་ཕོག་སར་འབྱོར་ཟིན་པ་མ་ཟད་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད་པ་རེད། མིག་སྔར། གནོད་འཚེ་ཕོག་ཁུལ་དུ་ས་ཡོམས་དང་འབྲེལ་བ་ཡོད་པའི་འགོས་ནད་དང་གློ་བུར་གྱི་སྤྱི་པའི་འཕྲོད་བརྟེན་དོན་རྐྱེན་གང་ཡང་ཐོན་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག