མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་པོ་གསར་པ་དགུའི་རྒྱལ་ཡིག་དང་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་བཅའ་སྡོད་པ་ཀི་སི་ཐན་གྱི་གཞུང་ཚབ་ཆེན་མོ་གསར་པ་ཧ་ལིད་དེ་དང་། ཀྲུང་གོར་བཅའ་སྡོད་མ་ལ་ཝེ་ནེའི་གཞུང་ཚབ་ཆེན་མོ་གསར་པ་མ་ག་ཝ། ཀྲུང་གོར་བཅའ་སྡོད་ལི་པ་ནོན་གྱི་གཞུང་ཚབ་ཆེན་མོ་གསར་པ་ཨ་པུ་དེ། ཀྲུང་གོར་བཅའ་སྡོད་སུའུ་ཏེན་གྱི་གཞུང་ཚབ་ཆེན་མོ་གསར་པ་ཨའོ་མར། ཀྲུང་གོར་བཅའ་སྡོད་ཙམ་ཕབ་ཝེའི་གཞུང་ཚབ་ཆེན་མོ་ཧྥེང་ད་ཧྥེང་ད། ཀྲུང་གོར་བཅའ་སྡོད་ལི་པི་ཡའི་གཞུང་ཚབ་ཆེན་མོ་གསར་པ་པུ་ཧྲ་ལི། ཀྲུང་གོར་བཅའ་སྡོད་ཕེ་རུ་པིང་གི་གཞུང་ཚབ་ཆེན་མོ་གསར་པ་པ་ཤི་ལི་ཨའོ། ཀྲུང་གོར་བཅའ་སྡོད་སེ་པན་གྱི་གཞུང་ཚབ་ཆེན་མོ་གསར་པ་ཝ་ལུན་ཤི་ཡ། ཀྲུང་གོར་བཅའ་སྡོད་ཕུར་ཐོ་ཀལ་གྱི་གཞུང་ཚབ་ཆེན་མོ་གསར་པ་ཕེ་ལི་ལ་བཅས་ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་གནངབ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཡོམ་འགོག་གནོད་སེལ་ཐད་མཚམས་འདྲི་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕེན་གྱིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་རྣམས་ཀྲུང་གོར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་རྣམ་པས་རང་སོ་སོའི་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་མི་དམངས་ལ་ཁོང་གིས་མཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་རྒྱུའི་རེ་བ་གནང་བ་མ་ཟད། ཁོང་རྣམ་པས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་ཆེད་ལེགས་སྐྱེས་ཕུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས། དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་རྒྱལ་ཁབ་གོང་འོག་ཡོངས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་ཁུར་གནང་གི་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་གང་མགྱོགས་གནོད་འཚེ་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་རྒྱུའི་ཡིད་ཆེས་དང་ནུས་པ་ཡོད། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ། ཡོམ་འགོག་གནོད་སེལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་མ་ཟད། གནོད་འཚེའི་རྗེས་ཀྱི་ཁྱིམ་གཞིས་སླར་གསོ་བྱེད་རྒྱུའི་ལས་དོན་གང་མགྱོགས་ཡག་པོ་བསྒྲུབ་ཐུབ་ངེས་ཡིན་ཞེས་གསུངས་པ་དང་།

ཞི་ཅིན་ཕིན་གྱིས། ཀྲུང་གོའི་ཏང་དང་སྲིད་གཞུང་གི་ཡང་དག་པའི་དབུ་འཁྲིད་འོག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་ལྡན་རྒྱབ་སྐྱོར་དང་རོགས་རམ་འོག ཀྲུང་གོའི་མི་དམངས་ཡོངས་ཀྱིས་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་དང་། ཀུན་སེམས་གཅིག་མཐུན། དཀའ་སྤྱད་འབད་འཐབ་བཅས་བྱས་པའི་འོག ཏན་ཏན་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་གནོད་འཚེ་ཕོག་ཁུལ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་ཐུབ་ཅེས་གསུངས་ཡོད་པ་རེད།

ཕྱི་རྒྱལ་གྱི་གཞུང་ཚབ་པ་ཚོས་རྒྱལ་ཁབ་ཁག་གིས་ཟི་ཁྲོན་ལུའུ་ཧྲན་ལ་ས་ཡོམ་བརྒྱབ་པའི་ཐད་ཀྲུང་གོའི་ཕྱོགས་ལ་མཚམས་འདྲི་ཞུས་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ཡོམ་འགོག་གནོད་སེལ་གྱི་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད་ལ། མུ་མཐུད་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་དང་། ཁོང་ཚོས་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག