མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆིན་ཧྭ་སློབ་ཆེན་གྱི་སུའུ་ཧྲི་མིན་རིག་གནས་པའི་རྣམ་གྲངས་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-23 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆིན་ཧྭ་སློབ་ཆེན་གྱི་སུའུ་ཧྲི་མིན་རིག་གནས་པའི་རྣམ་གྲངས་སྤེལ་འགོ་ཚུགས་པའི་མཛད་སྒོ་སྤྱི་ཟླ4བའི་ཚེས21ཉིན་པེ་ཅིན་དུ་སྤེལ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཨ་རིའི་ཙུང་ཐུང་ཨོ་པ་མས་ཁག་སོ་སོར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་ཡོད་པ་རེད།

ཞི་ཅིན་ཕེན་གྱིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་རྣམ་གྲངས་སྤེལ་འགོ་ཚུགས་པར་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད། ཁོང་གིས་སློབ་གསོས་མིའི་རིགས་ཀྱི་དེ་རིང་ཐག་གཅོད་བྱེད་བཞིན་ཡོད་ལ། མིའི་རིགས་ཀྱི་འབྱུང་འགྱུར་ཡང་ཐག་གཅོད་བྱེད་ཐུབ། མིའི་རིགས་ཀྱི་སྤྱི་ཚོགས་ལ་སློབ་གསོར་བརྟེན་ནས་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་ཟམ་མི་ཆད་པར་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་པ་དང་། སློབ་གསོར་བརྟེན་ནས་རང་གིས་ཤེས་པའི་ཤེས་བྱ་རྒྱུད་སྤེལ་དང་། ཤེས་བྱ་རྙིང་པ་བསྐྱར་སྦྱོང་། ཤེས་བྱ་གསར་པ་སྔོག་འདོན། མི་ཤེས་པ་འཚོལ་ཞིབ་བཅས་བྱས་ཏེ། མི་རྣམས་ཀྱིས་དེ་བས་ཡག་པའི་སྒོ་ནས་འཛམ་གླིང་ལ་ངོས་འཛིན་དང་འཛམ་གླིང་བསྒྱུར་བཀོད་བྱེད་ཐུབ་པ་དང་། དེ་བས་ཡག་པའི་སྒོ་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བསྟན་པ་དང་། ཞི་ཅིན་ཕེན་གྱིས། ད་ལྟའི་འཛམ་གླིང་ནི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གྲུབ་པའི་ལས་དབང་མཉམ་མྱོང་གི་མ་གཞི་ཞིག་ཡིན། མིའི་རིགས་ཀྱི་གོང་འཕེལ་ཐད་འཕྲད་པའི་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས་ན། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་། ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། སློབ་གསོ་ནི་གནས་བབ་ཆེན་པོའི་འཕེལ་ཕྱོགས་དང་བསྟུན་དགོས་པ་དང་། དེ་བས་དམ་ཟབ་ཀྱི་མཉམ་འགུལ་སྤེལ་རེས་བྱས་པ་བརྒྱུད་མིའི་རིགས་ཀྱི་ཤེས་བྱ་དང་རིག་གནས་སྣ་ཚོགས་ལ་ངེས་ཤེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ཁག་གི་དོན་དངོས་འབད་འཐབ་དང་མ་འོངས་འདུན་པར་ཤེས་རྟོགས་ཐུབ་པ་བྱེད་དགོས་པ། རྒྱལ་ཁབ་ཁག་གི་སློབ་མས་ཕན་ཚུན་ཤེས་རྟོགས་ཇེ་ཟབ་དང་འཛམ་གླིང་གི་མིག་རྒྱང་ལྡན་པ། གསར་གཏོད་ཀྱི་རིག་པ་ཡོད་པ་བཅས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་ཕུགས་བསམ་ཆེན་པོ་ལྡན་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། ཨོ་པ་མས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། སློབ་གསོའི་སྤེལ་རེས་ཀྱིས་སློབ་མའི་ཆ་ཚང་བའི་མི་གཤིས་གྲུབ་རྒྱུ་དང་། རྒྱལ་ཁབ་བར་གྱི་བསམ་ཤེས་དང་ཕན་ཚུན་བརྩི་བཀུར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་ཐུབ་ཀྱི་ཡོད། མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་འཛམ་གླིང་གི་ཁོར་ཡུག་འོག ང་ཚོར་འཕྲད་པའི་འགྲན་རྩོད་ལ་རྒྱལ་ཁབ་ཕན་ཚུན་དང་མི་དམངས་ཕན་ཚུན་བར་མཉམ་ལས་ལ་དེ་བས་ཤུགས་སྣོན་རྒྱག་དགོས་པ་དང་། གསོན་ཤུགས་ཀྱིས་ཕྱུག་པའི་འབྲེལ་བ་འཛུགས་དགོས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།

ཆིན་ཧྭ་སློབ་ཆེན་སུའུ་ཧྲི་མིན་རིག་གནས་པའི་རྣམ་གྲངས་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་སྤྱི་ཚེས21ཉིན་པེ་ཅིན་དུ་སྤེལ་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་གཞོན་པ་ལིའུ་ཡན་ཏུང་མཛད་སྒོར་ཞུགས་ཡོད་པ་མ་ཟད་ཤིས་ཚིག་ཀྱང་གསུངས་ཡོད་པ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཙུང་ཐུང་ཨོ་པ་མས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་གཙོས་སློབ་གསོ་དང་མི་ཆོས་རིག་གནས་སྤེལ་རེས་ཐད་མཐོང་ཆེན་དང་རྒྱབ་སྐྱོར་གནང་ཡོད་ལུགས་བརྒྱུད་ཞུ་གནང་ཡོད་པ་དང་། མི་ཆོས་རིག་གནས་སྤེལ་རེས་ནི་རྒྱལ་ཁབ་ཁག་གི་མི་དམངས་བར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་ཁབ་བར་མཉམ་ལས་གཉིས་རྒྱལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག