མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲག་ཆས་ཉེན་རྟོག་དཔུང་སྡེས་ནུས་ཤུགས་ཡོད་རྒུས་ཡ་ཨན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-21 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཁྲོན་ཡ་ཨན་གྱི་ལུའུ་ཧྲན་རྫོང་དུ་སྤྱི་ཟླ4བའི་ཚེས20ཉིན་གྱི་ཞོགས་པ་ས་ཡོམ་རིམ་པ7བརྒྱབ་ཡོད་པ་དང་། མིག་སྔར་རོགས་སྐྱོར་དཔུང་སྡེས་ལུའུ་ཧྲན་ས་ཁུལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱེད་པར་སླེབས་ཡོད་པ་རེད།

དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུས་ཟུར་གསལ་བྱས་པར་གཞིགས་ན། ཡ་ཨན་དུ་ས་ཡོམ་བརྒྱབ་རྗེས། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུས་ལམ་སེང་འཕྲལ་སྒྲུབ་ཇུས་གཞི་བཟོས་པ་དང་། ལམ་སེང་དཔོན་དམག3900ཡོམས་འགོག་གནོད་སེལ་བྱེད་པར་མངག་གཏོང་བྱས་ཡོད་ཅིང་། དམག་སྤྱི་ཝང་ཅན་ཕིང་དང་། ཆབ་སྲིད་ཨུ་ཡོན་ཞུལ་ཡའོ་ཡོན་གྱིས་སི་ཁྲོན་ལ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེས་དུས་ཐོག་ཏུ་ཡོམ་འགོག་གནོད་སེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་མྱུར་སྐྱོབ་དང་། གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད་དྲག་ཇུས་དཔོན་གཞོན་པ་ཧོང་ཧའེ་ཧུའེ་ཡིས་སྤྱི་ཁྱབ་བཀོད་འདོམས་ཚོ་ཆུང་གི་སྣེ་ཁྲིད་ནས་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་བཀོད་འདོམས་བྱེད་པར་མངག་གཏོང་བྱས་ཡོད་པ་རེད། སྤྱི་བདེ་པུའི་མེ་ཟོན་ཅུད་ཀྱི་བཀོད་འདོམས་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ཡ་ཨན་ལུའུ་ཧྲན་དུ་ས་ཡོམ་བརྒྱབ་རྗེས། སི་ཁྲོན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལམ་སེང་ས་ཡོམས་གནོད་འཚེའི་འཕྲལ་སྒྲུབ་ཇུས་གཞི་ལག་བསྟར་བྱས་ཏེ། ཁྲེན་ཏུའུ་དང་། ལེ་ཧྲན། མའེ་ཧྲན་སོགས་མཐའ་ཁུལ་སྤྱི་བདེ་མེ་ཟོན་ཡན་ལག་རུ་ཁག་གི་དཔོན་དམག309དང་མེ་ཟོན་རླངས་འཁོར49། འཚོལ་སྐྱོབ་ཁྱི4བཅས་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱས་ཡོད་པ་དང་། ས་ཁུལ་གཞན་དག་གི་སྤྱི་བདེ་མེ་ཟོན་ཡན་ལག་རུ་ཁག་གི་ཁ་སྣོན་རོགས་སྐྱོར་སྟོབས་ཤུགས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་བཞིན་ཡོད་པ་རེད།

སྤྱི་བདེ་པུའི་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་ན། སྤྱི་བདེ་པུའི་མེ་ཟོན་ཅུད་ཀྱིས་ས་ཡོམས་གནོད་འཚེའི་རོགས་སྐྱོར་གྱི་རིམ་པ་དང་པོའི་ལན་ཆ་བྱས་ནས། ཡུན་ནན་དང་། གྲུང་ཆིང་། བོད་ལྗོངས། ཀུའེ་ཀྲའུ་བཅས་ཀྱི་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལམ་སེང་ས་ཡོམ་གནོད་སེལ་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་ཁ་སྣོན་རོགས་སྐྱོར་གྱི་གྲ་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། ཧུའུ་པེ་དང་། ཀོང་ཞི། ཧུའུ་ནན། ཧོ་ནན། ཧྲའན་ཞི། མཚོ་སྔོན་སོགས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ས་ཡོམས་གནོད་སེལ་རོགས་སྐྱོར་དཔུང་ཁག་སྒྲིག་འཛུགས་བྱས་ནས་བཀའ་འགུག་དགོས་པའི་བཀའ་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སྤྱི་བདེ་མེ་ཟོན་དཔུང་སྡེས་དཔོན་དམག་མངག་གཏོང་བྱས་ནས་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་བཏང་སྟེ་ཡོམ་འགོག་གནོད་སེལ་ནང་ཞུགས་ཡོད་པ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་མངའ་ཁོངས་ནས་སི་ཁྲོན་ཡ་ཨན་ལུའུ་ཧྲན་རྫོང་གི་གནོད་འཚེ་ཕོག་ཁུལ་དང་བར་ཐག་ཉེ་ཤོས་ཀྱི་མེ་ཟོན་དཔུང་སྡེ་སྟེ་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆབ་མདོ་མེ་ཟོན་ཡན་ལག་རུ་ཁག་གིས་རོགས་སྐྱོར་རླངས་འཁོར་བརྒྱད་དང་འཚོལ་སྐྱོབ་ཁྱི་གསུམ་བཏང་ནས་གཞུང་ལམ་བརྒྱུད་སི་ཁྲོན་ཡ་ཨན་ལ་ཕྱིན་ཡོད་པ་རེད། གཞན་ཡང་། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཐད་གཏོགས་དམིགས་བསལ་ལས་དོན་སྒྲུབ་མཁན་རུ་ཆེན་དང་ལྷ་ས་ཡན་ལག་རུ་ཁག་གི་དམིགས་བསལ་ལས་དོན་སྒྲུབ་མཁན་རུ་ཆེན་གྱིས་སྒྲིག་འཛུགས་བྱས་ཏེ་གྲ་སྒྲིག་ཨང་གསར་བྱས་ཤིང་གནོད་འཚེ་ཕོག་ཁུལ་དུ་ཐོན་ཆོག་ཆོག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག