མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ནས་ཡོམ་འགོག་གནོད་སེལ་ལས་དོན་བཀོད་སྒྲིག་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-21 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ4བའི་ཚེས20ཉིན་གྱི་ཕྱི་དྲོ་གནོད་འཚེ་ཕོག་ཁུལ་དུ་ཕེབས་པ་དང་གནོད་འཚེའི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་གྲུབ་རྗེས་དགོང་མོ་ལུའུ་ཧྲན་རྫོང་དུ་གནས་སྐབས་ཕུབ་པའི་སྦྲ་གུར་ནང་ཡོམ་འགོག་གནོད་སེལ་ལས་དོན་གྲོས་ཚོགས་སྐོང་འཚོགས་གནང་བ་དང་གནོད་སེལ་དུས་བབ་ལ་ཞིབ་འཇུག་གནང་བ། གོམ་སྟབས་རྗེས་མའི་གནོད་སེལ་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད། ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་དང་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། དེ་བཞིན་རྒྱལ་ཁབ་ས་ཡོམ་ཅུས་དང་འཕྲོད་བསྟེན་བུ་བཙའ་ཨུ་ཡོན་ལྷན་ཁང་། དམངས་སྲིད་པུའུ། གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། འགྲིམ་འགྲུལ་པུའུ་སོགས་ཁག་སོ་སོས་གནོད་འཚེའི་གནས་ཚུལ་གསར་ཤོས་དང་ཕྱོགས་གང་ཅིའི་ཐད་ཀྱི་གནོད་འཚེའི་འཕེལ་ཚུལ་སྙན་གསེང་ཞུས་པ་དང་ལིས་ཁི་ཆང་གིས་ཕྱོགས་ཁག་གི་ཡོམ་འགོག་གནོད་སེལ་ཐད་བྱས་པའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་ཚང་མས་སྙན་གསེང་ཞུས་པའི་གནད་དོན་དང་གྲོས་འགོར་དམིགས་ནས་བླང་བྱ་དོན་ཚན་དྲུག་བཏོན་གནང་ཡོད་པ་རེད།

དེ་ཡང་བླང་བྱ་དོན་ཚན་དང་པོ་ནི། མིག་སྔར་སི་ཁྲོན་ཞིང་ཆེན་གྱི་ལས་དོན་གཙོ་ཆེ་ཤོས་ནི་ཡོམ་འགོག་གནོད་སེལ་བྱེད་རྒྱུ་དེ་ཡིན་པ་དང་ལས་འགན་ཨང་དང་པོ་ནི་མི་སྐྱོབ་རྒྱུ་དེ་ཡིན་ཞིང་ཚེ་སྲོག་ནི་རྩ་ཆེ་ཤོས་ཡིན། གཉིས་པ་ནི་སྐྱེལ་འདྲེན་ཤར་གཏོང་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་ལྕགས་ལམ་དང་འགྲིལ་འགྲུལ་སོགས་འབྲེལ་ཡོད་ཕྱོགས་ཁག་་ནས་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་གུར་དང་ཕོ་ཁེབས་སོགས་གནོད་སེལ་དངོས་རྫས་སྐྱེལ་འདྲེན་གྱི་ཤར་གཏོང་ལམ་བུ་གཏོད་ནས་གང་མགྱོགས་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་དགོས། གསུམ་པ་ནི་གནོད་སེལ་དངོས་རྫས་དང་མ་དངུལ་འདོན་སྤྲོད་བྱེད་རྒྱུ་འགན་ལེན་བྱེད་དགོས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ཁ་གསབ་ཚད་གཞི་གསལ་པོ་བཟོས་ནས་གནོད་སེལ་དང་བཀོད་སྒྲིག་མ་དངུལ་དུས་ཐོག་དང་འདང་ངེས་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་དགོས། བཞི་པ་ནི་གནོད་འཚེ་གཞན་དག་ཐོན་ནས་ཤི་རྨས་གསར་པ་ཡོང་རྒྱུ་སྔོནའགོག་བྱེད་དགོས། ས་ཡོམ་ཆེན་པོ་བརྒྱབ་རྗེས་ཡོམ་ལྷག་ཡང་སེ་ཐོན་གྱི་ཡོད་པ་དང་གནོད་འཚེ་ཕོག་ཁུལ་དུ་ཉེན་ཁ་ཡོད་པའི་ཁང་པ་མང་པོ་ཡོད་པས་གནོད་འཚེ་གཞན་དག་གི་གནོད་འཚེ་ཐོན་སླ་པོ་ཡོད་པས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་དུས་ཚོད་དམ་འཛིན་གྱིས་ཁང་པར་གཏོར་སྐྱོན་ཕོག་ཁུལ་ལ་དཔྱད་ཞིབ་བྱེད་པ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་བྱས་ནས་མང་ཚོགས་ཉེན་ཁ་ལས་གཡོལ་འཇུག་བྱེད་དགོས། ལྔ་པ་ནི་ཆེད་ལས་སྟོབས་ཤུགས་སྣོན་གཏོང་བྱས་ནས་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱེད་དགོས། ཆུ་ཚད་མཐོ་བའི་ཆེད་ལས་འཚོལ་སྐྱོབ་རུ་ཁག་མུ་མཐུད་སྣོན་གཏོང་བྱེད་པ་དང་སྤྱི་ཚེས20ཉིན་གྱི་དགོང་མོ་གནོད་འཚེ་ཕོག་ཁུལ་དུ་འབྱོར་བ་བྱས་ནས་གང་མགྱོགས་འཚོལ་སྐྱོབ་ལས་ཡུལ་དངོས་སུ་སྐྱོད་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་བྱེད་པ་དང་གནོད་སེལ་གྱི་ལས་ཆོད་དང་ཕན་འབྲས་མཐོ་རུ་གཏོང་དགོས། དྲུག་པ་ནི་གཅིག་གྱུར་དང་ལས་ཆོད་མཐོ་བའི་ཡོམ་འགོག་གནོད་སེལ་བཀོད་འདོམས་སྒྲིག་གཞི་འཛུགས་དགོས། ཐེངས་འདིའི་ཡོམ་འགོག་གནོད་སེལ་གྱི་སྐུལ་སློང་ཁྱབ་ཁོངས་ཆེ་བ་དང་དེའི་ནང་ཞུགས་པའི་སྟོབས་ཤུགས་ཆེ་བས་ངེས་པར་དུ་གཅིག་གྱུར་དང་ལས་ཆོད་མཐོ་བའི་བཀོད་གཏོང་བཀོད་འདོམས་མ་ལག་ཅིག་ཆགས་པ་བྱས་ནས་གནོད་སེལ་དུས་ཐོག་མགྱོགས་པོ་ཡོང་བ་བྱེད་པ་མ་ཟད་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པ་ཞིག་ཡོད་པ་བྱེད་དགོས་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག