མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་གསོལ་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ཀྱིས་རྒྱས་སྤྲོས་ཆུད་ཟོས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-30 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛད་སྤྱོད་པར་བཟའ་བཏུང་གི་འཛད་སྤྱོད་སྣེ་ཁྲིད་བྱས་ནས་ཤེས་དཔལ་དང་སྐྱོན་བྲལ་གྱི་འཛད་སྤྱོད་གོམས་སྲོལ་དར་སྤེལ་བཏང་སྟེ་རྒྱལ་ཡོངས་ཀྱི་གསོལ་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ཀྱིས“གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”བྱེད་སྒོ་སྒོ་ཀུན་ནས་སྤེལ་རྒྱུ་ཡིན་པ་རེད།

སྤྱི་ཟླ1པོའི་ཚེས28ཉིན་ཚོང་དོན་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་མཉམ་འབྲེལ་ཐོག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་གསོན་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ལ“གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང་འབྲེལ《བཟའ་བཏུང་ལས་རིགས་ལ་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཚོང་དོན་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་མཛུབ་ཁྲིད་བསམ་འཆར》བཏོན་པ་དང་ས་གནས་ཁག་གི་གསོལ་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ལ་གྲོན་ཆུང་ནི་གཟི་བརྗིད་དང་འཕྲོ་བརླག་ནི་ཞེ་ཁྲེལ་ཡིན་པའི་བསམ་བློའི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་འདི་ཉིད་ཤེས་དཔལ་དང་།ཚན་རིག་དང་མཐུན་པ།སྐྱོན་བྲལ་བཅས་ཀྱི་འཛད་སྤྱོད་གོམས་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་པར་སྣེ་ཁྲིད་བྱེད་དགོས་པ་བཏོན་ཡོད།

རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧྲའོ་ཆི་ཝའེ་ཡིས་མིག་སྔར་རྒྱལ་ཡོངས་སུ་ཡུལ་སྐོར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་ཁྲི1.35ཡོད་པ་དེའི་ནང་སྐར་ལྔའི་རིམ་པ་དང་སྐར་བཞི་རིམ་པའི་གསོལ་མགྲོན་ཁང་གི་གསོལ་མགྲོན་ཁང་དུ་ལོའི་མགྲོན་པོར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་གསུམ་ལས་བརྒལ་བ་དང་ལོའི་བཟའ་བཏུང་གི་ཡོང་འབབ་སྒོར་དུང་ཕྱུར1000ཙམ་ཟིན་གྱི་ཡོད།ཡུལ་སྐོར་གསོལ་མགྲོན་ཁང་ལས་རིགས་ཀྱིས་བཟའ་བཏུང་གི་འཛད་སྤྱོད་སྣེ་ཁྲིད་བྱས་ཚེ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་སྲིད།རྒྱལ་ཡོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ལས་རིགས་ཀྱི་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོན་ཆུང་བསྲི་ཚགས་བྱེད་པ་དེ་འཕེལ་རྒྱས་གཏོང་སྟངས་འགྱུར་བ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་གསོལ་མགྲོན་ཁང་གི་ཚོང་གཉེར་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་སྤོགས་ཀྱི་རྣམ་པ་གསར་པ་ཞིག་གཏོད་པ་དང་།ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱི་རང་བཅུན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་གཏོང་རྒྱུར་ངོ་རྒོལ་བྱེད་པའི་གཏན་འབེབས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ།ཡུལ་སྐོར་གསོལ་མགྲོན་ཁང་གིས་གྲོན་ཆུང་བསྲི་ཚགས་བྱས་ནས་སྤུས་ལེགས་ཞབས་ཞུའི་མིག་དཔེ་བཟང་པོ་ཞིག་བཏོན་ཏེ་ཚལ་མངགས་དྲན་སྐུལ་ལམ་ལུགས་དང་ཐུམ་རྒྱག་ཞབས་ཞུའི་ལམ་ལུགས་བཟོས་ནས་རང་འདེམས་ལྟོ་ཆས་དང་རང་སྐལ་ལྟོ་ཆས་ཀྱི་ལམ་ལུགས་ཁྱབ་གདལ་གཏོང་བ།ཡུལ་སྐོར་གསོལ་མགྲོན་ཁང་གིས་གྲོན་ཆུང་བསྲི་ཚགས་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།འཛད་སྤྱོད་པར་ཡ་རབས་ངང་འཛད་སྤྱོད་བྱེད་པའི་འདུ་ཤེས་ཆགས་པ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས་ཞེས་བཤད་པ་རེད།

ཚོང་དོན་པུའི་པུའུ་ཀྲང་ཁྲེན་ཏེ་མིང་གིས་བཟའ་བཏུང་ལས་རིགས་ཀྱིས་དྲ་བའི་ཐོག་ནས་ལྟོ་ཆས་མངགས་ཉོ་བྱེད་པ་དང་།ཕྱེད་བཙོས་མའི་ལྟོ་ཆས།ཕྱིར་སྐྱེལ་མགྱོགས་ཟས་སོགས་ཀྱི་བཟའ་བཏུང་ཞབས་ཞུ་བྱེད་སྟངས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མ་མཐའི་འཛད་སྤྱོད་དང་ཟུར་ཁང་རིན་གོང་སོགས་ཀྱི་འགྲོ་གྲོན་མེད་པ་བཟོ་བའམ་ཚད་ལྡན་བཟོས་ནས་ལུགས་མཐུན་མིན་པའི་བཟའ་བཏུང་གི་འགྲོ་གྲོན་ཉུང་དུ་གཏོང་དགོས།ཞོགས་ཟས་དང་།སྡེ་ཁུལ་གྱི་མགྱོགས་ཟས།ཚན་པའི་ཚོགས་པའི་ལྟོ་ཆས་སོགས་དམངས་ལ་སྟབས་བདེ་སྐྲུན་པའི་བཟའ་བཏུང་འཕེལ་རྒྱས་གཏོང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་མུ་འབྲེལ་ཚོང་གཉེར་གྱིས་གཅིག་གྱུར་ཐོག་སྡེབ་སྐྱེལ་བྱེད་པའི་ཞབས་ཞུ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་བཟའ་བཏུང་ལས་རིགས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

ཀྲུང་གོ་ཡུལ་སྐོར་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་དང་ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱིས་ཉིན་དེར་ད་དུང“ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཆེ་རུ་བཏང་ནས་གྲོན་ཆུང་བསྲི་ཚགས་བྱས་ཏེ་འཕྲོ་བརླག་གཏོང་རྒྱུར་ངོ་རྒོལ་བྱེད་པའི”གྲོས་འགོ་དང“བཟའ་བཏུང་ལས་རིགས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”གྲོས་འགོ་བཏོན་པ་དང་གསོན་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ཀྱིས་གནོད་མེད་དང་ཐན་ཉུང་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན་ནས་ལས་བཟོ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་དུས་བསྟུན་ངང“གྲོན་ཆུང་ཅན”གྱི་བྱེད་སྒོ་སོགས་སྤེལ་དགོས་པ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག