མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བརྡ་ཐོ་འགྲེམ་སྤེལ་བྱས་ནས་རང་རྒྱལ་གྱི་ས་རྒྱུའི་ཁོར་ཡུག་གནས་ཚུལ་ཁྱོན་ཡོངས་ནས་གསལ་པོ་བཟོ་རྒྱུའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས28ཉིན་ཀྲུང་གོའི་སྲིད་གཞུང་དྲ་བའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར་ས་རྒྱུའི་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་བཀོད་སྒྲིག་འགྲེམ་སྤེལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་ཡོངས་བསྒྲགས་བྱས་ནས། སྤྱི་ལོ་2015ལོར་སླེབས་སྐབས། རང་རྒྱལ་གྱི་ས་རྒྱུའི་ཁོར་ཡུག་གནས་ཚུལ་ཁྱོན་ཡོངས་ནས་གསལ་པོ་བཟོ་བ་དང་། རྨོ་ཞིང་དང་གཅིག་བསྡུས་རང་བཞིན་གྱི་འཐུང་ཆུའི་ཆུ་འགོའི་ས་རྒྱུའི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ནན་པོ་བཙུགས་ཏེ། ས་རྒྱུའི་སྦགས་བཙོག་ཆེ་རུ་འགྲོ་བའི་གནས་བབ་ལ་ཐོག་མའི་ཆ་ནས་བཀག་འགོག་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་ལ་དུས་བཀག་བཟོས་ནས་བརྟག་དཔྱད་དང་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་བཟོས་ཏེ། ས་རྒྱུའི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཚར་བ་བྱས་ཐོག རྒྱལ་ཡོངས་ཀྱི་རྨོ་ཞིང60%དང་མི་འབོར་འབུམ5ཡན་ལ་ཞབས་ཞུ་སྒྲུབ་པའི་གཅིག་བསྡུས་རང་བཞིན་གྱི་འཐུང་ཆུའི་ཆུ་འགོའི་ས་རྒྱུའི་ཁོར་ཡུག་ཐད་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། ས་རྒྱུའི་ཁོར་ཡུག་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས། ཐོག་མའི་ཆ་ནས་སྦགས་བཙོག་ཡོད་པའི་ས་ཞིང་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཁོར་ཡུག་ཉེན་ཁ་ཚོད་འཛིན་བྱས་ཐོག གོ་རིམ་ལྡན་པའི་ངང་དཔེ་མཚོན་ས་ཁུལ་གྱི་ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོ་ཚོད་ལྟའི་ཁུལ་ལ་སྐུལ་འདེད་གཏོང་བ་དང་། རིམ་བཞིན་ས་རྒྱུའི་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་དང་། ཁྲིམས་སྲོལ། ཚད་གཞིའི་མ་ལག་བཅས་འཛུགས་རྒྱུ་ཡིན་ཞིང་། སྤྱི་ལོ2020ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་ས་རྒྱུའི་ཁོར་ཡུག་སྲུང་སྐྱོབ་མ་ལག་འཛུགས་ཐུབ་པའི་བརྩོན་ལེན་བྱས་ནས་རྒྱལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་འགྲོ་བ་བྱ་རྒྱུ་ཡིན་པ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག