མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས་པའི་ནན་བཤད་གནང་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-27 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཚེས་25ཉིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་དང་སྐོང་ཚོགས་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་བྱ་སྤྱོད་རང་འགུལ་ངང་སྤེལ་ཐོག་དོན་འཁྱོལ་ལ་དམ་འཛིན་དང་དོན་འཁྱོལ་ཟབ་ཏུ་གཏོང་བའི་ཐད་གཞོལ་ཏེ་དེ་བས་དངོས་སྒྲུབ་དང་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས་པའི་ནན་བཤད་གནང་བ་རེད།

ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་བྱེད་སྒོ་དེ་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁུ་འདུས་ལས་འཕེར་གྱི་སྟོབས་ཤུགས་སྐོང་འཐེན་བྱས་ནས་ཚོགས་ཆུང་8བཙུགས་ཁར་དེ་དག་ཤར་རྒྱུད་དང་།དབུས་རྒྱུད།ནུབ་རྒྱུད་བཅས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་16དང་།རྫོང(ཆུས་དང་ཆི)92 གྲོང་ཚོ(སྡེ་ཁུལ)220ལྷག་ཙམ་བཅས་སུ་བསྐྱོད་ནས་བཞུགས་མོལ་ཚོགས་འདུ་ཐེངས་150ལྷག་ཙམ་འཚོགས་པ་དང་འབྲེལ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་ཞུས་ཏེ་གནས་ཚུལ་ཐད་ཀར་ཤེས་རྟོགས་དང་བསམ་འཆར་ཉན་པ་རེད།ལིའུ་ཡུན་ཧྲན་གྱིས་སྙན་ཞུ་གསན་རྗེས་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་སྟེ་འབྲེལ་ཡོད་སྡེ་ཚན་ཁག་ལ་ས་གནས་ཁག་གི་ཉམས་མྱོང་ཡག་པོ་དུས་ཐོག་ཏུ་ཕྱོགས་སྡོམས་ཁྱབ་གདལ་བཏང་སྟེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད།ལིའུ་ཡུན་ཧྲན་གྱིས་སྐུལ་བཤེར་བྱས་ཚུལ་ནས་བལྟས་ན་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུའི་འགོ་ཡག་པོ་བཙུགས་པ་དང་རྣམ་པ་ཡང་བཟང་པོ་ཡོད།རྒྱ་ཆེའི་མང་ཚོགས་ཚོས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་དང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་བྱེད་པའི་ཐབས་ཇུས་རབ་དང་རིམ་པ་སྤྱད་པར་གདེང་འཇོག་གང་ལེགས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།

ལིའུ་ཡུན་ཧྲན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་ཐད་གཏན་འབེབས་དོན་ཚན་བརྒྱད་བཟོས་པའི་དམིགས་ཡུལ་ནི་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན།ད་ཆ་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད་མོད།འོན་ཀྱང་སྤྱོད་ཚུལ་གྱི་གནད་དོན་ལ་མཁྲེགས་བཟུང་གི་རང་བཞིན་དང་བསྐྱར་བཟློས་རང་བཞིན་ལྡན་པ་མཐོང་ཐུབ་དགོས།སྤྱོད་ཚུལ་ལེགས་སུ་གཏོང་བར་དམ་འཛིན་བྱས་རུང་ནན་པོ་མེད་པ་དང་དམ་འཛིན་བྱས་རུང་དངོས་འཛིན་མི་བྱེད་པའི་རིགས་བྱ་རྒྱུ་མེད་ལ་དམ་འཛིན་བྱ་རྒྱུ་བར་མཚམས་མི་ཆད་པར་ངེས་པར་དུ་རྡོ་ལ་རྐང་རྗེས་ཐོན་པ་དང་ལྕགས་ལ་ལག་རྗེས་ཐོན་པའི་བྱེད་སྟངས་ཀྱི་ཐོག་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་རྒྱུན་སྲིང་ལྷོད་མེད་དང་མགོ་ཡོད་མཇུག་ཡོད་ངང་ཕན་འབྲས་མི་དམངས་མང་ཚོགས་ཀྱིས་ཇི་མ་ཇི་བཞིན་མཐོང་ཐུབ་པ་བྱེད་དགོས།ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་དཀའ་སྤྱད་འབད་འཐབ་དང་ཧུར་བསྲི་གྲོན་ཆུང་དར་སྤེལ་ཤུགས་ཆེན་གཏོང་བ་དང་རྒྱས་སྤྲོས་ཆུད་ཟོས་དང་བག་མེད་ལོངས་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ནན་ཏན་ངང་ལག་བསྟར་བྱས་ནས་འདི་ལོའི་དཔྱིད་གསར་དུས་ཆེན་དེ་སྐྱོན་བྲལ་དང་།ཚུལ་ལྡན་སྤྱོད་གཙང་།དགའ་སྤྲོ་འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་ཏུ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཆི་པའོ་དང་།ཀྲའོ་ལེ་ཅི།ལི་ཀྲན་ཧྲུའུ་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་པ་དང་སྐུལ་བཤེར་ཚོགས་ཆུང་བརྒྱད་ཀྱི་ཙུའུ་ཀྲང་སོ་སོས་སྙན་ཞུ་གནང་བ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག